ཉེ་ཆར། 2025ལོའི“བོད་ཀྱི་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི”འགོ་ཚུགས་མཛད་སྒོའི་ཐོག་སྒྱུར་བཅོས་ཀྱི་གདོང་ལེན་པ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ། 2010ལོའི་ཀྲུང་གོར་སེམས་འགུལ་ཐེབས་པའི་ལོ་འཁོར་གྱི་མི་སྣ། ཨན་ཀང་ངར་ལྕགས་ཚོགས་པ་གཏེར་ལས་ཀུང་སིའི་ཆི་ཏ་ཧྲན་ལྕགས་གཏེར་ཐོན་སྐྱེད་ལག་རྩལ་ཁང་གི་གཞུང་ལམ་དོ་དམ་ལས་སྒོའི་གཙོ་གཉེར་བ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་འགན་གཅིག་ལྕོགས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀུའོ་མིང་དབྱིས་གཞིས་རྩེ་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་བ་དང་། སྔོན་ཐོན་ལས་དོན་པ། ལས་རིགས་ཁག་གི་ལས་བཟོའི་འཐུས་མི་བཅས་པར་མི་སེམས་ལ་སྐུལ་མ་ཐེབས་པའི་སྒྲོག་འགྲེལ་ཐེངས་གཅིག་བྱས་པ་རེད།
སྒྲོག་འགྲེལ་བྱེད་སྐབས་ཀུའོ་མིང་དབྱིས་རང་ཉིད་དམག་ལ་ཞུགས་པ་དང་དམག་ཞབས་ཐིམ་རྗེས་ལྕགས་གཏེར་གྱི་གཞི་རིམ་གྱི་འཐབ་ས་དང་པོར་ལོ་40ལྷག་ཙམ་སྡོད་རིང་ལེ་ཧྥུང་གི་འགྲོ་ལམ་དེ་རང་ཉིད་ཀྱི་མི་ཚེའི་གདམ་ག་དང་། ལེ་ཧྥུང་གི་སྙིང་སྟོབས་དེ་རང་ཉིད་ཀྱི་མི་ཚེའི་གནས་ཚད་དུ་བརྩིས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པ་དང་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བའི་ཉམས་མྱོང་ཕྱིར་དྲན་བྱས་ཏེ། རྒྱ་ཆེའི་ལས་བཟོ་ཚོར་ལེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཏན་ཏན་ཏིག་ཏིག་ངང་རང་འཁྲིའི་ལས་འགན་ལེགས་པར་བསྒྲུབ་རྒྱུའི་འབོད་སྐུལ་བྱས་པ་རེད།
རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ། ཀྲུང་འཁོར་ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་མ་རྐང་ཚད་ཡོད་ཀུང་སིའི་དབུ་བཞུགས་བཀོལ་སྤྱོད་པ། ཅི་ལིན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་འགན་གཅིག་ལྕོགས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ལི་དབན་ཅུན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཁོང་གིས་འབད་བརྩོན་ལྷོད་མེད་ངང“བཟོ་བོའི་སྙིང་སྟོབས”དོན་གཉེར་བྱས་ཚུལ་མཉམ་སྤྱོད་བྱས་པ་རེད། ལས་རིགས་མཐོ་འབྲིང་གི་སློབ་ཐོན་སློབ་མ་དཀྱུས་མ་ཞིག་ནས་ལག་རྩལ་ཕུལ་དུ་བྱུང་བའི“རྒྱལ་ཁབ་ཆེན་པོའི་ལག་ཤེས་པ”ཞིག་ཏུ་གྱུར་པའི་བར། ལི་དབན་ཅུན་གྱིས་ལོ་37རིང་གི་འཚར་ལོངས་བརྒྱུད་རིམ་ལ་བརྟེན་ནས“བཟོ་བོའི་སྙིང་སྟོབས་ཞེས་པ་ནི་བློ་གྲོས་དང་རྩལ་ནུས་ལ་བརྟེན་ནས་རྒྱུན་ཆད་མེད་པར་ཐོན་རྫས་རིམ་སྤོར་བྱས་ཏེ། མཐར་རྩེར་སོན་དུ་འགྱུར་བར་བྱས་ནས་སྒྱུ་རྩལ་ཐོན་རྫས་སུ་སྒྱུར་བར་ཟེར་གྱི་ཡོད”ཅེས་འགྲེལ་བཤད་བརྒྱབ་པ་རེད།
སྒྲོག་འགྲེལ་ཉན་རྗེས་ལས་བཟོ་ཚོས་ལེ་ཧྥུང་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་ཀྱི་ནང་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལོན་སོང་། སླད་ཕྱིན་ལས་དོན་སྒྲུབ་རིང་ལས་ཀ་གང་ཞིག་བྱས་རུང་དེར་དགའ་ཞེན་དང་བརྩོན་ཞིབ་བྱས་ནས་སྤྱིར་བཏང་གི་ལས་གནས་ཐོག་ངོ་མཚར་ཆེ་བའི་མི་ཚེའི་ལེའུ་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
སྐལ་མཆོག་གིས་བསྒྱུར།