འདི་ནི་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བའི་རྣམ་པ་ཡིན།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་ཆེད། ཉེ་ཆར་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་འགག་སྒོ་གཞུང་དོན་ཁང་དང་། གཞིས་རྩེའི་འགག་སྒོ་ཁྲུའུ། བཅིངས་འགྲོལ་དམག་མཐའ་སྲུང་བརྒྱ་ཤོག་སོགས་འབྲེལ་ཡོད་བློ་མཐུན་དང་མང་ཚོགས་འཐུས་མི་གདན་ཞུ་བྱས་ཏེ“དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་དང་མཐུན་སྒྲིལ་འབད་བརྩོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
དེ་ཉིན་ཞོགས་པར། བརྗིད་ཉམས་ལྡན་པའི་རྒྱལ་གླུ་དང་བསྟུན་ནས་སྐར་ལྔའི་དར་དམར་དལ་བུར་ཡར་བསྒྲེངས་བ་དང་། མི་སྣ་ཚང་མ་གྲལ་འགྲིག་དང་གྲལ་སྟར་བསྒྲིགས་ཤིང་། གཟུགས་ཀ་བ་ལྟར་འདྲོང་ཞིང་རྣམ་འགྱུར་གཟབ་ནན་གྱིས་རྒྱལ་དར་ལ་གུས་དུད་ཞུས་ནས་སྐད་གཅིག་ཏུ་རྒྱལ་གླུ་ལེན་པ། གླུ་སྒྲའི་ཁྲོད་རླབས་ཆེན་གྱི་མེས་རྒྱལ་ལ་བརྩེ་དུང་ཚད་མེད་དང་དགའ་ཞེན་བཀའ་དྲིན་ཟབ་མོ་བཅངས་པ་དང་འབྲེལ་འགག་སྒོའི་མཁའ་དབྱིངས་སུ་ཡུན་རིང་གྲགས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཉེན་རྟོག་པའི་སྒྲིག་ཆས་འགྲེམས་སྟོན་དང་།“གངས་ཁུལ་གྱི་མཐའ་མཚམས་ལྟེ་མཐུན་སྒོར་དབྱིབས་”མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་བར་ཁྱམས་ལ་ལྟ་སྐོར་བྱེད་པ། བོད་སྐད་ཀྱི་གློག་བརྙན་《ང་དང་ངའི་མེས་རྒྱལ་》ལྟ་བ། སློབ་སྦྱོང་གི་མཁོ་ཆས་དང་ཀློག་དེབ་ཞལ་འདེབས་འཕུལ་བ་བཅས་བྱེད་སྒོའི་ནང་དོན་ཁག་བཞི་ལ་དབྱེ་ཡོད།
ཉེན་རྟོག་པའི་སྒྲིག་ཆས་འགྲེམས་སྟོན་ཁུལ་དུ་དྲག་ཤུགས་འགོག་པའི་ཁྲབ་རྨོག་གྱོན་ཆས་དང་། དཔུང་སྐྱེན། འཁྱེར་བདེའི་Xའོད་འཕྲུལ་འཁོར། མི་མེད་གནམ་གྲུའི་མེ་མདའ་འགོག་པ་སོགས་སྔོན་ཐོན་ཉེན་རྟོག་པའི་སྒྲིག་ཆས་རེ་རེ་བཞིན་འགྲེམས་སྟོན་བྱས་པ་དང་ས་གནས་དེ་གའི་ཉེན་རྟོག་པས་སྒྲིག་ཆས་རེ་རེའི་ནུས་པ་དང་ བཀོལ་སྤྱོད་བྱེད་སྟངས་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། མི་དམངས་ཉེན་རྟོག་པས་ཞིབ་ཚགས་ངང་འགྲེལ་བཤད་དང་མཛུབ་སྟོན་འོག་ཚང་མས་ཉེན་རྟོག་ཡོ་བྱད་དང་སྒྲིག་ཆས་སྣ་ཚོགས་དངོས་སུ་ཤེས་རྟོགས་མྱོང་ཚོར་བྱས་པ་དང་། ཉེན་རྟོག་པའི་སྒྲིག་ཆས་ཀྱི་རྒྱུན་གཏན་གྱི་ཉེན་རྟོག་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཤིང་། ཉེན་རྟོག་པའི་སྒྲིག་ཆས་ལ་དབྱིངས་ཞུགས་བློ་མགུ་བ་ཞིག་བྱུང་ཡོད།
སློབ་སྦྱོང་གི་མཁོ་ཆས་དང་ཀློག་ཆས་ཞལ་འདེབས་སུ་འཕུལ་པའི་བྱེད་སྒོའི་ཁྲོད། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཞིབ་ཚགས་དང་ཕྱོགས་མང་པོའི་གྲ་སྒྲིག་ལྟར་ཡག་རྭ་ཤང་གི་སློབ་ཆུང་སློབ་མའི་འཐུས་མིར་གཅེས་སྐྱོང་གིས་དཔེ་ཁུག་དང་སྨྱུག་སྒམ། ཚོན་ལྡན་སྨྱུ་གུ་སོགས་དངོས་སྤྱོད་སློབ་སྦྱོང་གི་མཁོ་ཆས་ཁྱོན་200ལྷག་ཙམ་ཕུལ་བ་རེད། དེ་དང་ཆབས་ཅིག་གཅེས་སེམས་རྒྱུན་མཐུད་བྱེད་མཁན་ཞིག་ཡིན་པའི་ནང་སོག་པ་ཡན་ནའོ་ཨེར་གྲོང་ཁྱེར་ཉི་མའི་མེ་ཏོག་དང་བླངས་པའི་མཐུན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་གནང་བའི་དཔེ་དེབ་ཁྲོད་སྤུས་ལེགས་དཔེ་དེབ་200ལྷག་ཙམ་བདམས་ནས། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་སྔོན་ལ་གྲབས་གསོག་བྱས་པའི་མ་དངུལ་བསྡུ་སྒྲིལ་བྱས་ནས་སློབ་ཆས་སོགས་ཉོས་ཏེ་ཡག་རྭ་ཤང་སློབ་ཆུང་ལ་བརྒྱུད་སྤྲོད་དང་མཁོ་འདོན་བྱས་ཡོད་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།