བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བའི་དུས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ལྷ་སར《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཀྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཞིབ་ཕྲའི་གྲངས་གཞི་དང་གསོན་ཉམས་ལྡན་པའི་གྱོད་དཔེ་ལ་བརྟེན་ནས་བོད་ཀྱི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་། གོང་འཕེལ་དབང་ཆ་དང་གཞི་རྩའི་དབང་ཆ་གཞན་དག་གི་འགན་སྲུང་ཁག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཆེན་པོ་བྱུང་བ་མཚོན་པར་བྱས་པ་རེད།
རྒྱབ་ཤ་དཀར་པོའི་དེབ་དེ་གཞུང་དངོས་ཁག་བརྒྱད་ལ་དབྱེ་ཡོད་པ་སྟེ། ཁག་སོ་སོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་བྱ་གཞག་རླབས་ཆེན་འཕེལ་རྒྱས་ཀྱི་གཞི་རྩ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱ་ཁྱབ་དང་དོན་དངོས་ཀྱི་ཕན་ནུས། དཔལ་འབྱོར་སྤྱི་ཚོགས་དབང་ཆའི་འགན་སྲུང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས། རིག་གནས་དབང་ཆའི་འགན་སྲུང་རྒྱུན་མཐུད་ལ་ཤུགས་སྣོན་རྒྱག་པ། ཆོས་དད་རང་མོས་སྲུང་སྐྱོང་ནུས་ལྡན་བྱེད་པ། ཁོར་ཡུག་ཁེ་དབང་འགན་སྲུང་ནུས་ལྡན་གང་ལེགས་བྱེད་པ། དམིགས་བསལ་གྱི་ཚོགས་སྤྱིའི་དབང་ཆ་འདྲ་མཉམ་འགན་ལེན། མིའི་ཐོབ་ཐང་ཀྱི་ཁྲིམས་སྐྱོང་འགན་སྲུང་ཆུ་ཚད་བཅས་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་བསྟན་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་གསལ་བར། བོད་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་ཁྱོན་ཡོངས་ནས་གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་བ་དང་། ཡང་དག་པའི་ལག་བསྟར་བཅས་བྱས་ཏེ། བརྒྱུད་བགྲོད་འཕེལ་རྒྱས་ཀྱིས་དཔལ་འབྱོར་སྤྱི་ཚོགས་དང་དབང་ཆ་འགན་སྲུང་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས། བོད་ཀྱི་མི་དམངས་ཀྱི་འོས་འཚམ་འཚོ་བའི་ཆུ་ཚད་དབང་ཆ་དང་། སློབ་གསོ་མྱོང་བའི་དབང་ཆ། ལས་ཀའི་དབང་ཆ། བདེ་ཐང་དབང་ཆ། སྤྱི་ཚོགས་འགན་སྲུང་དབང་ཆ་བཅས་ལ་འགན་སྲུང་གང་ལེགས་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་དུ་དབུལ་པོ་དབུལ་ནག་ལོ་རྒྱུས་རང་བཞིན་གྱི་མེད་པར་བཟོས་པ་དང་། སྨན་བཅོས། སློབ་གསོ། ལས་ཞུགས་འགན་སྲུང་སོགས་ཀྱི་གྲུབ་འབྲས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་གི་ཚེ་ཚད་ནི་2010ལོའི་ལོ་68.17ནས་2020ལོའི་ལོ་72.19བར་མཐོར་འདེགས་བྱུང་བ་དང་། སློབ་གསོའི་དམིགས་ཚད་གཙོ་བོ་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་ཡང་ན་བརྒལ་བ་བྱས་པ། གྲོང་རྡལ་གྱི་ལས་ཤོར་བསྡུར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་དང་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད།
རྒྱབ་ཤ་དཀར་པོའི་དེབ་ཀྱི་མཇུག་བསྡུའི་ལེ་ཚན་ནང་དུ“དེ་རིང་གི་བོད་ལྗོངས་སུ་མི་རིགས་ཁག་གི་མི་དམངས་ཚང་མའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྲོ་བ་དང་། ས་མཐོའི་སྟེང་དུ་བཞད་པའི་སྐལ་བཟང་མེ་ཏོག་ལྟར་བོད་ཀྱི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་རྒྱ་ཁྱབ་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་ཡོད་པ་གསལ་པོར་མཚོན་ཡོད”ཅེས་བྲིས་ཡོད་པ་རེད།
བསོད་བསྟན་གྱིས་བསྒྱུར།