བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བའི་དུས་སུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་རྣམས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་མིག་སྔའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བཅས་བྱེད་པར་ཁྲིད་སྟོན་བྱ་ཆེད། ཟླ་3པའི་ཟླ་མཇུག་ནས་བཟུང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན། གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ལྷན། བོད་ལྗོངས་སློབ་ཆེན། དོག་སྡེ་སློབ་ཆུང་བཅས་མཉམ་འབྲེལ་བྱས་ཏེ་ལྗོངས་ཡོངས་སུ་དཔེ་སྟོན་བྱེད་སྒོ་མང་པོ་སྤེལ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་ལོ་ཆུང་གདོང་ལེན་རུ་མི་དང་མཉམ་དུ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བར་བདེ་སྐྱིད་འཚོ་བའི་སྐོར་གླེང་མོལ་བྱས་པ་རེད།
ཟླ་3ཚེས་25ཉིན་གྱི་ཁྱབ་བསྒྲགས་བྱེད་སྒོ་ཐེངས་དང་པོའི་ནང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ལོ་བརྒྱད་ཅུར་སོན་པའི་རྒན་རྒོན་ཕུར་བུ་ཚེ་རིང་གདན་ཞུ་བྱས་ཏེ་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་ཚང་མས་བོད་རྙིང་པའི་མུན་ནག་གདུག་རྩུབ་ཆེ་བ་དང་། རུལ་སུངས་རྗེས་ལུས་ཡིན་པ་ཐེར་འདོན་བྱས་ཏེ་བོད་གསར་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྱུར་ལྡོག་ལ་བསྟོད་བསྔགས་གནང་ཡོད།
རྒན་རྒོན་ཕུར་བུ་ཚེ་རིང་ནི་གཞིས་རྩེར་འཁྲུངས་པ་དང་། ཁོང་གི་ཕ་མ་གཉིས་པོ་ཞིང་བྲན་དབུལ་པོ་ཡིན་པས་སྡོད་ཁང་མེད་པའི་ཕུར་བུ་ཚེ་རིང་ཁྱིམ་ཚང་གཅིག་གིས་མངའ་དཔོན་ལ་ཁང་པ་གླ་ནས་སྡོད་རྒྱུ་ལས་ཐབས་གཞན་མེད། ཕ་མས་མངའ་དཔོན་ལ་ལས་ཀ་བྱེད་པ་དང་ངལ་རྩོལ་གྱི་ཐོབ་ཆ་ཚང་མ་མངའ་དཔོན་ལ་སྤྲོད་དགོས་ཀྱི་ཡོད། ཁྱབ་བསྒྲགས་བྱེད་སྐབས་ཕུར་བུ་ཚེ་རིང་གིས“ཡ་ང་བའི་རྒྱ་ཆེའི་ཞིང་བྲན་ཚོ་བོད་རྙིང་པར་མཚན་རིང་པོའི་ནང་དབུགས་འབྱིན་རྔུབ་བྱེད་པ་མ་གཏོགས་གཞན་མེད། གངས་རི་མར་དུ་གྱུར་ནའང་མངའ་དཔོན་ལ་ཐོབ་པ་དང་། ཆུ་བོ་འོ་མར་གྱུར་ནའང་ང་ཚོ་ཧབ་གཅིག་ཀྱང་འཐུང་དབང་མེད་”ཅེས་གསུངས་པ་རེད།
ཟླ་3ཚེས་27ཉིན་ཁྱབ་བསྒྲགས་བྱེད་སྒོ་བོད་ལྗོངས་སློབ་ཆེན་དུ་སྤེལ་བ་དང་གཙོ་གཉེར་ཕྱོགས་ཀྱིས“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ཀྱི་ལྟེ་བའི་ནང་དོན་གང་དག་ཡོད།”“བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་རྗེས་ཁྱེད་ལ་ཚོར་སྣང་བྱུང་བའི་འགྱུར་ལྡོག་ཆེ་ཤོས་ཅི་ཞིག་ཡིན།”སོགས་དམངས་གཙོ་བཅོས་སྒྱུར་ཤེས་བྱའི་འདྲི་ལན་དགུ་སྤྱད་ནས་བྲེལ་འཚུབ་ཀྱིས་ཚ་རླབས་ངང་ནས་འདྲི་ལན་ལ་ལན་འདེབས་པ་རེད།
བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་ཞིབ་འཇུག་ཁང་གི་2024ལོའི་སློབ་མ་དངོས་གྲུབ་ལྷ་མོས་“ཆུང་དུས་ནས་བོད་དུ་འཚར་ལོང་བྱུང་པ་དེར་བོད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་དངོས་སུ་བདེན་དཔང་བྱེད་ཐུབ། ཁྱབ་བསྒྲགས་ཉན་པའི་རྗེས་སུ་བོད་རྙིང་པའི་གདུག་རྩུབ་ཆེ་བའི་ངོས་འཛིན་དེ་བས་གཏིང་ཟབ་བྱུང་། སླད་ཕྱིན་ངས་ཤེས་བྱ་སློབ་སྦྱོང་དང་རྩལ་ནུས་སྦྱོང་བརྡར་ཡག་པོ་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་ངེས་ཡིན་”ཅེས་བཤད།
ཟླ་3ཚེས་28ཉིན་སྔ་དྲོར། ཁྲེང་ཀོན་ཆུས་དོག་སྡེ་སློབ་ཆུང་དུ་རྒྱལ་ཁབ་ཀྱི་མཐོ་རིམ་སེམས་ཁམས་བློ་འདྲི་མཁན། རང་སྐྱོང་ལྗོངས་ཁྱིམ་ཚང་སློབ་གསོ་མཐུན་ཚོགས་ཀྱི་ཁོངས་མི་ཡུས་ལན་དབྱིན་གྱིས་གནས་ཚུལ་བསྐྱར་དུ་མངོན་པ་དང་། གཟུགས་བརྙན་བསྟན་པ་ལས་བོད་གསར་རྙིང་གི་བསྡུར་བ་མངོན་གསལ་དོད་པོ་མངོན་པ་དང་། དེ་གར་ཡོད་པའི་སློབ་མར་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་བློ་སྒོ་གཏིང་ཟབ་འབྱེད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་གསུངས།
སློབ་མའི་འཐུས་མི་ཚེ་སྐྱིད་ཀྱིས་གཏམ་བཤད་གནང་སྐབས།“དེ་རིང་གི་བདེ་སྐྱིད་འཚོ་བ་ནི་ལས་སླ་པོ་ཞིག་མ་རེད། ངས་བོད་རྙིང་པའི་དཀའ་སྡུག་བརྗེད་མི་རུང་། བོད་གསར་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ཆུང་ཆུང་ཞིག་ཏུ་བརྩོན་ལེན་བྱེད་ཀྱི་ཡིན་”ཞེས་བཤད་ཡོད།
ཚེ་རིང་ཐར་གྱིས་བསྒྱུར།