སྒྲ་སྙན་འབྲུག་མགོ་མཐོང་ཐེངས་རེར། ངས་ཐོག་མར་དགེ་རྒན་ཞིག་དྲན་གྱིན་ཡོད། ཞོགས་པར་དུས་ཚོད་ཀྱི་ཅོང་བརྡ་གྲགས་དུས། ངས་ཐོག་མར་དགེ་རྒན་ཞིག་གི་འཛུམ་མདངས་དྲན་གྱིན་ཡོད། ང་རང་ཁོང་གིས་ངོ་ཤེས་ཀྱི་མེད། འོན་ཏེ་ཁོང་ནི་དུས་ཚོད་ལ་གཅེས་སྤྲས་གནང་མཁན་གྱི་དགེ་རྒན་ཡག་པོ་ཞིག་ཡིན་པ་ངས་གསལ་པོར་ཤེས། ངའི་མཐོང་ལམ་དུ། དགེ་རྒན་ཁོང་ནི་རྟག་པར་བརྩོན་འགྲུས་ཀྱི་གོ་ཆ་གྱོན་མཁན་ཞིག་དང་སློབ་ཕྲུག་ཚོ་བྱམས་བརྩེས་སྐྱོང་བའི་དགེ་རྒན་ཞིག་རེད།
སློབ་སྦྱོང་ལ་སྙིང་རུས་བསྐྱེད་བཞིན་པའི་ཁོང་གི་སློབ་ཕྲུག་ཚོའི་ནང་སེམས་སུ་དགའ་སྤྲོས་ཁྱབ་འདུག་ལ། བཅོས་མིན་གྱི་འཛུམ་མདངས་དང་ལུས་ངག་གི་རྣམ་འགྱུར་རེ་རེས་མི་སེམས་ལ་དྲོད་ཁོལ་སྟེར་བ་དང་། རྟག་པར་སློབ་ཁང་ཧྲིལ་པོར་ཁོང་ཚོས་དཀྲོལ་བའི་སྒྲ་སྙན་གྱི་དབྱངས་རྟ་སྙན་མོ་ཞིག་རྣ་ལམ་དུ་འཁོར་ཡོང་། ང་ཚོ་གཉིད་དུ་ཡུར་ནས་རྨི་ལམ་གཏོང་བཞིན་པའི་སྐབས་སུ། དགེ་རྒན་པདྨ་ཚེ་རིང་ལགས་སྔ་མོ་ནས་ཡར་བཞེངས་ཡོད། ཁོང་གི་སློབ་ཕྲུག་ཚོ་ཡང་སློབ་ཁྲིད་ཐོག་ཁང་དུ་སྔ་མོ་ནས་འབྱོར་ཡོད་ལ་སྒྲ་སྙན་ལག་ཏུ་བཟུང་ནས་དམངས་གཞས་སྙན་མོ་རེ་ངག་ཏུ་ལེན་པ་དང་། སློབ་ཚན་བློ་འཛིན་སོགས་བྱེད་ཞོར་ནང་སེམས་ཀྱི་བརྩེ་སེམས་སྒྲ་སྙན་གྱི་རྒྱུད་སྐུད་ལས་མངོན་པར་བྱས་ནས་ཉིན་གཅིག་གི་སློབ་ཚན་ལ་གྲ་སྒྲིག་ཨང་གསར་བྱེད་ཀྱིན་ཆས། དུས་ཚོད་མང་པོ་ཞིག་ཤེས་མེད་ཚོར་མེད་ངང་འཕྲོ་བརླག་གཏོང་བཞིན་པའི་ད་ལྟ། ང་ཚོར་ངེས་པར་དུ་མིག་དཔེ་ལྟ་ས་ཞིག་ཡོད་དགོས་ཨང་།
ཉིས་སྟོང་ཉི་ཤུ་རྩ་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་དགེ་རྒན་ལགས་ཀྱིས་སློབ་དུས་འདིའི་སྤྲོ་སྣང་དོད་པའི་སྒྲ་སྙན་སློབ་ཚན་ལ་ཡང་རྫོགས་ཤད་འཐེན་ཞེས་བཀོད་འདུག སྐབས་དེར་ངའི་སེམས་སུ། སྙན་ལྷང་ངེར་དང་སྤྲོ་སེང་ངེར་ཡོད་པའི་དགེ་རྒན་གྱི་གསུང་སྐད་དང་ཡིད་འོང་ལྟ་ན་སྡུག་པའི་སློབ་ཚན་འདིའི་རྣམ་པ་ག་དུས་ཤིག་ལ་ཡང་བསྐྱར་མཐོང་སྲིད་དམ་ཞེས་རང་དབང་མེད་པར་རང་ཉིད་ཆིག་ལབ་ལ་ཤོར། ང་ལ་བག་ཆགས་ཟབ་པའི་དགེ་རྒན་ལགས་དང་རྟག་པར་བརྩོན་འགྲུས་ཀྱིས་རྟ་ཕོ་བཞོན་པའི་སློབ་གྲོགས་ཚོའོ་རྣམ་པ་ནི་ངས་ག་དུས་ཡིན་ཡང་བརྗེད་ཐབས་མེད།
ཁོང་གིས་སྒྲ་སྙན་དཀྲོལ་ཤོག རིག་གནས་འཕེལ་ཤོག ལས་སློབ་དར་ཤོག་གསུང་གི་འདུག ཡིག་འབྲུ་འདི་དག་གི་རྒྱབ་ན་བརྩེ་སེམས་ཀྱི་འབོད་སྒྲ་ཡོད་པ་ཐོས་ཀྱིན་འདུག་ཨང་། རྣམ་གཡེང་དང་ལེ་ལོར་དགའ་བའི་ང་རང་སྦྱངས་འབྲས་ཕུན་སུམ་ཚོགས་པའི་གྲས་སུ་ཚུད་པར་དཀའ་ནའང་། བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་འདོད་དང་རང་སྐྱོན་རང་གིས་འདོན་པའི་བློ་སྐྱེ་བ་ནི་དགེ་རྒན་ཁོང་གི་མཛད་སྤྱོད་རེ་རེ་ལས་མངོན་པའི་རྣམ་པ་དང་བྲལ་ཐབས་མེད་ཅེས་བཤད་ཆོག་ཆོག་ཡིན། ཁོང་གི་ཤུགས་རྐྱེན་གྱིས་ང་ལ་རང་ཉིད་སྙིང་རུས་ཅན་ཞིག་དང་འགན་འཁྲི་ཅན་ཞིག་ཡིན་དགོས་པའི་ངེས་ཤེས་རྙེད་དུ་བཅུགས་བྱུང་།
ཞིབ་ཏུ་བསམས་ན། ང་ནི་ཁོང་གིས་ངོ་མི་ཤེས་པའི་སློབ་མ་གཅིག་པུ་ཡིན་སྲིད། ཞོགས་པའི་ཉི་མའི་འོད་མདངས་ཀྱི་ཀློང་ནས་ངའི་ལུས་སེམས་གཉིས་ཆར་བརྩེ་བས་བྱིན་པའི་དྲོད་ཁོལ་ཞིག་གིས་ཁྱབ་སོང་། དེ་ནི་ད་ཆ་དགེ་རྒན་ཁོང་གིས་ཕ་ཡུལ་གྱི་རི་ཁུག་གཅིག་ཏུ་ཟབ་སྦྱོང་འཛིན་གྲྭ་ཞིག་སྒྲུབ་བཞིན་ཡོད་པའི་རྣམ་པ་དང་དགེ་སློབ་ཚོའི་བར་གྱི་བརྩེ་སེམས། ལྷད་མེད་དྭངས་གཙང་གི་བྱིས་པ་ཆུང་ཆུང་ཚོའི་རྣམ་པ་མཐོང་བས་ཡིན། དགེ་རྒན་ལྷ་བྱམས་རྒྱལ་ལགས་ཀྱིས་ཁེར་རྐྱང་ནི་སྟོང་བསམ་དང་འཆར་ཡན་སྦྲུམ་པའི་སྔོན་འགྲོ་ཡིན་པ་འདྲ་ཞེས་བྲིས་འདུག དངོས་གནས་དེ་འདྲ་ཡིན་ཨང་། ཆེས་སྤྱིར་བཏང་གི་ཞོགས་པ་འདིར་ངས་མལ་ཁང་ནས་བསམ་གཞིགས་ཡུན་རིང་གཏོང་བ་ཡིན། མཚམས་རེར་དགེ་རྒན་ལགས་ཀྱི་མཛད་སྤྱོད་ལ་ཡི་རང་འཆོར་ལ། ལན་རེར་དབང་མེད་དུ་མིག་ཆུ་འཁོར་ཡོང་།
ད་ལྟ་སྤྱི་ཚོགས་སུ། མི་མང་པོ་ཞིག་གིས་ནམ་རྒྱུན་བརྩོན་འགྲུས་དང་སློབ་སྦྱོང་སྐོར་གླེང་གིན་ཡོད་ནའང་། དོན་དངོས་ཐོག་ལག་ལེན་དུ་འཁེལ་བ་ག་ཚོད་ཅིག་ཡོད་ཨང་། ཁོང་གིས་སྒྲ་སྙན་ལ་སྙིང་ནོར་ཞེས་འབོད་ཀྱིན་འདུག ཞིབ་ཏུ་བསམ་ན། ཁོང་གིས་སློབ་ཕྲུག་ཚོ་ཡང་དེ་ལྟར་སྐྱོང་བཞིན་ཡོད་པའི་ཚོར་བ་དབང་མེད་དུ་སྐྱེས་ཡོང་། དེ་ནི་ང་རང་གི་ཚོར་བ་དམིགས་བསལ་བ་ཞིག་མིན་པའི་ངེས་པ་མེད་ནའང་། ང་དང་འདྲ་བར་སྨོན་པ་འཆོར་མཁན་གྱི་མི་བུ་རེ་ཟུང་ཡང་མེད་པ་མི་སྲིད་པས་གཅམ་བུའི་ངོ་བསྟོད་ཁོ་ནར་མི་རློམ་རོགས་ཞུའོ། །