西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སྒྲ་སྙན་གྱི་དགེ་རྒན་པདྨ་ཚེ་རིང་། ༄༅། །སྡུག་གི་ཁུར་པོ་མཉམ་དུ་འཁུར་དགོས། ༄༅། །ཤེས་བྱའི་གནས་ལ་འབད་དང་། ༄༅། །དཔྱིད་ཀ་སླེབས་བྱུང་།

放大 缩小 默认

༄༅། །སྡུག་གི་ཁུར་པོ་མཉམ་དུ་འཁུར་དགོས།

□ 作者 ཚེ་རིང་འཚོ།

རྒྱ་ཆེ་བའི་སྐམ་ས་འདིའི་ཐོག་ལ་མི་རྣམས་མི་རབས་ནས་མི་རབས་བར་དུ་འཚོ་བར་རོལ་ཞིང་། དེའི་བརྒྱུད་རིམ་ཁྲོད་མི་རྣམས་ཀྱིས་སྡུག་གི་ཁུར་པོ་མཉམ་དུ་ཁུར་ནས་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད། དཔེར་ན། མེས་རྒྱལ་གྱི་དམག་མི་རྣམས་ཀྱིས་རང་སྲོག་ལ་བརྟེན་ནས་མེས་རྒྱལ་མཐའ་མཚམས་སྲུང་སྐྱོབ་བྱེད་པ་དང་། ཁོང་ཚོས་རང་སྲོག་བློས་གཏོང་བྱས་ཏེ་དགྲ་བོ་དང་འཐབ་འཛིང་བྱེད་སྐབས། དཔའ་བོ་ཁེར་རྒྱུག་མ་ཡིན་པར་དམག་འཐབ་ཀྱི་མདུན་དུ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དཔུང་པ་བརྟན་པོས་མདུན་དུ་བསྐྱོད་པས། ད་གཟོད་གཡུལ་ལས་རྣམ་པར་རྒྱལ་བ་རེད།

སྔར་གྱི་གཏམ་དཔེ་ལ། “མང་པོ་ཁ་མཐུན་ན། །ཤིག་གིས་འབྲོང་སོད”ཅེས་བཤད་ནས་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་ཁུར་བྱེད་དགོས་པའི་གནས་ལུགས་བསྟན་གྱི་ཡོད། རང་རྒྱལ་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་སྐབས། སྲིད་གཞུང་དང་རྒྱ་ཆེའི་སྨན་དོན་མི་སྣ། མང་ཚོགས་བཅས་ཀྱིས་ཐུན་མོང་ཐོག་ནད་རིམས་སྔོན་འགོག་གི་བྱ་བར་ལྷོད་གཡེང་སྤུ་ཙམ་མེད་པར་སྔོན་འགོག་ཚུལ་བཞིན་བྱས་པའི་རྐྱེན་གྱིས། ན་མཁན་ཉུང་ཞིང་ནད་ཀྱི་ཁྱབ་རྒྱ་ཡང་ཆེན་པོ་བྱུང་མེད། ཁོ་ཚོའི་དྲིན་ལས་ད་ལྟ་ང་ཚོ་ལུས་པོ་བདེ་ཐང་ངང་འཚོ་བཞིན་ཡོད། གལ་ཏེ་དེ་དུས་ནས་མང་ཚོགས་རྣམས་ཀྱིས་གཞོགས་འདེགས་ཡག་པོ་བྱས་མེད་ན། ང་ཚོ་ད་ལྟ་ཡང་ནད་ལས་ཐར་ཡོད་མེད་ཤོད་ཚོད་ཐིག་ཁག་པོ་རེད། དེར་བརྟེན། འགག་རྩའི་དུས་སུ་ང་ཚོས་དཀའ་སྡུག་ཅི་ཞིག་འཕྲད་ཀྱང་མཐུན་སྒྲིལ་གྱིས་སང་ཉིན་གྱི་བདེ་སྐྱིད་ལམ་བུ་བསུ་བ་ཞུ་དགོས། འཚོ་བའི་ཁྲོད་དུ་ང་ཚོར་དཀའ་ངལ་དང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཅི་ཞིག་འཕྲད་ཀྱང་། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བྱ་བ་བསྒྲུབ་ཚེ་མི་འགྲུབ་པའི་བྱ་བ་ཡོད་མི་སྲིད། དེ་ཡང་《ས་སྐྱ་ལེགས་བཤད》དུ། “མང་པོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །སྲོག་ཆགས་གྲོག་མའི་ཚོགས་འདུས་པས། །སེང་གེའི་ཕྲུ་གུ་བསད་ཅེས་གྲགས། །”ཅེས་གསུངས་ཡོད་པས། དེ་ལས་ང་ཚོས་བསམ་བློ་མཐུན་ན་དོན་ཆེན་ཡིན་ཡང་མི་འགྲུབ་པ་མེད་པའི་སློབ་གསོ་བཏང་ཡོད།

ང་ཚོ་འཚོ་གནས་བྱེད་པའི་བརྒྱུད་རིམ་ནང་རང་ཤེད་མི་བྱེད་པར་མི་གཞན་དང་བསམ་བློ་མཐུན་རྒྱུ་ནི་ཧ་ཅང་གལ་ཆེ་བའི་དོན་ཞིག་ཡིན། ཁྱིམ་གྱི་ལས་ཀ་ནི་ཨ་མ་གཅིག་པུའི་ལས་ཀ་མ་ཡིན་པར། ནང་མི་ཚང་མས་མཉམ་དུ་ལས་པ་དང་། སློབ་ཁང་གི་གཙང་སྦྲ་ཡང་མི་འགའ་ཤས་ཀྱི་ལས་འགན་ཙམ་མིན་པར་གད་རེས་ཚང་མས་ཧུར་ཐག་གིས་ལས་དགོས། དེ་ལྟར་བྱུང་ན་འཆམ་མཐུན་དང་དྲོ་སྐྱིད་ཀྱིས་ཁེངས་པའི་འཚོ་བ་ཞིག་གཏོད་ཐུབ།

མདོར་ན། སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་ཁུར་བྱས་ཏེ་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་པ་དང་། རྒྱལ་ཁབ་དང་། མི་རིགས། ཁྱིམ་ཚང་བཅས་གང་འདྲ་ཞིག་ལ་མཚོན་ན་ཡང་མཐུན་སྒྲིལ་དང་རོགས་རམ་ནི་ཤིན་ཏུ་གལ་ཆེ་སྟེ། མཐུན་སྒྲིལ་ནི་རྒྱལ་ཁབ་ལ་མཚོན་ན་སྟོབས་འབྱོར་གྱི་སྔོན་འགྲོ་དང་། མི་རིགས་ལ་མཚོན་ན་མཉམ་གནས་ཀྱི་རྨང་གཞི། ཁྱིམ་ཚང་ལ་མཚོན་ན་བདེ་སྐྱིད་ཀྱི་ས་བོན་ལྟ་བུ་ཡིན། དེར་བརྟེན། ང་ཚོར་གཅིག་ཕན་གཅིག་རོགས་དང་སྐྱིད་སྡུག་མཉམ་མྱོང་གི་གོམས་གཤིས་ཤིག་འཇགས་རྒྱུ་ཤིན་ཏུ་གལ་ཆེ་བར་འདོད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)

མཛུབ་སྟོན་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明