མུན་པའི་ཡོལ་བས་སྒྲིབ་སྐབས། ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ལམ་དང་དོག་སྡེ་ལམ་འབྲེལ་མཚམས་ཀྱི་གྲོང་བྱང་གནམ་ས་གསར་པའི་ཉོ་སྒྲུབ་ལྟེ་གནས་སུ་གློག་སྒྲོན་གྱི་འོད་སྣང་ཁྲ་ཆིལ་ལེར་འཕྲོ་བ་མ་ཟད། མི་ཚོགས་ཀྱི་འཁྲུག་ཆ་ཤིན་ཏུ་ཆེ།
གྲོང་བྱང་གནམ་ས་གསར་པའི་ཉོ་སྒྲུབ་ལྟེ་གནས་ནི་ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཙུགས་པའི་ཉོ་སྒྲུབ་དང་། བཟའ་བཏུང་། རིག་གནས། རོལ་རྩེད་སོགས་ཁྱབ་ཁོངས་མང་པོ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཚན་མོའི་དཔལ་འབྱོར་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་པས། གྲོང་མི་དང་ཡུལ་སྐོར་བར་སྣ་མང་ཅན་གྱི་མཚན་མོའི་འཛད་སྤྱོད་ཉམས་ལེན་ཁུལ་ཞིག་བཏོད་པ་མ་ཟད། མཐའ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། མཚན་མོའི་དཔལ་འབྱོར་གྱིས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་མཚན་མོའི་དཔལ་འབྱོར་དེ་ཉིད་འཛད་སྤྱོད་ཁྱབ་ཁོངས་ཀྱི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་གྱིས“ལས་རྣམ་རིགས་ཁག་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་དགོས་པའི་བླང་བྱར་དམིགས་ནས། “མཚན་མོའི་དཔལ་འབྱོར་ཁུལ”གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་། འཛད་སྤྱོད་ཀྱི་རིམ་པ་གསར་པ་མཐོ་རུ་གཏོང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གསར་པ་སྔོག་འདོན་བྱེད་པ། གྲོང་ཁྱེར་གྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ་བཅས་བྱས་པ་བརྒྱུད། ཕྱོགས་ཡོངས་ནས“ཉི་འོད་གྲོང་ཁྱེར་གྱི་བག་ཕེབས་ལོངས་སུ་སྤྱོད། གྲོང་ཁྱེར་ལྷ་སའི་མཚན་མོ་འཁྲུག་ཆ་དོད”ཅེས་པའི་སྤུས་རྟགས་བཏོད་དེ་ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
གྲོང་བྱང་གནམ་ས་གསར་པ་ཉོ་སྒྲུབ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིང་ཧྭ་ཡིས། “སླད་ཕྱིན་ང་ཚོས་མུ་མཐུད་འཁྲབ་སྟོན་བྱེད་སྒོ་སྣ་ཚོགས་སྤེལ་ནས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར་བ་བྱེད་པ་དང་ཆབས་ཅིག མཚན་མོའི་ཚགས་ཤ་འགྲེམས་འཚོང་དང་། མཚན་མོའི་ལོ་གསར་མཁོ་ཆས་འགྲེམས་འཚོང་། གྲོང་བྱང་གི་ལོ་འཁོར་རྟེན་འབྲེལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཚན་མོའི་དཔལ་འབྱོར་གྱི་འཛད་སྤྱོད་དར་སྤེལ་བཏང་སྟེ་མཚན་མོའི་འཛད་སྤྱོད་ཀྱི་རྣམ་པ་བཟང་པོ་གཏོད་རྩིས་ཡོད”ཅེས་བཤད།
ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། 2024ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་བྱང་གནམ་ས་གསར་པ་དང་། ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན། སྣེའུ་དབན་ཏཱ་ཐང་ཆེན། ཚེ་མཆོག་གླིང་བོད་ཁྱིམ་སྒོ་རའི་ཁྲོམ་གཞུང་བཅས་མཚན་མོའི་དཔལ་འབྱོར་གྱི་དཔེ་སྟོན་ཁུལ་4དང་། དེ་བཞིན་ལྷ་སའི་དབྱིངས་དང་། བོད་ལྗོངས་ཐེན་ཧའེ་ཚོང་གྲོང་། བར་སྐོར་ཚོང་གྲོང་། སྟོད་ལུང་ཧྲང་ཀུའུ་མཚན་ཁྲོམ་སོགས་མཚན་མོའི་དཔལ་འབྱོར་གྱི་དཔེ་སྟོན་ཁུལ་10གཏན་འཁེལ་བྱས་ནས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་ཁྱེར་རིམ་སྤོར་ལ་སྐུལ་མ་ཐེབས་པ་དང་གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མཐོ་རུ་ཕྱིན་ཡོད།
མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ད་དུང《མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར》བཟོས་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་མཚན་མོའི་དཔལ་འབྱོར་དེ་མཚན་མོའི་ཉོ་སྒྲུབ་དང་། མཚན་མོའི་གསོལ་སྟོན། མཚན་མོའི་ཡུལ་སྐོར། མཚན་མོའི་སྟོན་མོ། མཚན་མོའི་འཁྲབ་སྟོན། མཚན་མོའི་ལུས་སྦྱོང་། མཚན་མོའི་མྱོང་རོལ། མཚན་མོའི་དཔེ་ཀློག མཚན་མོའི་ཞག་སྡོད། མཚན་མོའི་སློབ་གྲྭ་བཅས་ཁག་10ལ་དབྱེ་སྟེ་གནད་སྨིན་བྱེད་ཐབས་བཟོས་པ་དང་འགན་འཁུར་ཚན་པ་ཁ་གསལ་བཟོས་ནས་མཐོང་ཐོས་མྱོང་སོགས་གཞི་གཅིག་ཏུ་འདུས་པའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་ཧུར་ཐག་བཏོད་དེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་ཐུབ་པར་བྱས་ཡོད།
བདེ་དབང་གིས་བསྒྱུར།