ཕུགས་བསམ་ནི་མི་ཚང་མའི་སེམས་ནང་གི་འོད་སྟོང་འཕྲོ་བའི་སྐར་མ་ལྟ་བུ་ཞིག་ཡིན། དེས་ང་ཚོ་མདུན་དུ་བསྐྱོད་སའི་ཁ་ཕྱོགས་འཁྲིད་སྟོན་བྱེད་པ་དང་། ང་ཚོ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་པའི་སྒུལ་ཤུགས་སྦྱིན་ཡོད། ཕུགས་འདུན་མངོན་དུ་འགྱུར་མིན་ནི་རྫོགས་མཐའ་མེད་པའི་འབད་འབུངས་ལ་ཐུག་པས། དེར་ལོ་ཚོད་དང་ཕོ་མོ་སོགས་ཀྱི་ཚོད་འཛིན་མི་ཐེབས་པས། མི་ཚང་མར་རང་ཉིད་ལ་དབང་བའི་ཕུགས་འདུན་དོན་གཉེར་བྱེད་པའི་དབང་ཆ་ཡོད། མི་ལ་ལ་ནི་སློབ་མའི་རྨོངས་པའི་མུན་པ་སེལ་མཁན་གྱི་སྒྲོན་མེ་སྟེ། དགེ་རྒན་བྱེད་འདོད་ལ། ལ་ལ་ནི་མཁའ་སྐྱོད་པ་ཞིག་བྱས་ནས་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་སྙེགས་བྱེད་པར་འདོད། ངའི་ཕུགས་འདུན་ནི་ཉེན་རྟོག་པ་ཞིག་བྱེད་འདོད་དེ། རྒྱུ་མཚན་ནི་དེས་སྤྱི་ཚོགས་ཀྱི་བདེ་འཇགས་སྲུབ་སྐྱོང་ཐུབ་པས་ཡིན།
ཉེན་རྟོག་པས་དཔའ་ངར་དང་དྲང་བཞག སྤྱང་གྲུང་ལྡན་པ་བཅས་ཀྱི་སྒོ་ནས་དུས་དང་རྣམ་པ་ཀུན་ཏུ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་སྐུ་ངལ་བསྐྱོན་གྱི་ཡོད། ཁོ་ཚོར་འགན་འཁྲི་ཁུར་སེམས་ཆེ་བ་དང་ལྟ་ཞིབ་ཀྱི་ནུས་པ་ལྡན་དགོས། ཛ་དྲག་གི་གནས་ཚུལ་འོག་མགྱོགས་མྱུར་ངང་བརྡར་ཤ་གཅོད་པ་དང་ཚུར་སྣང་ཐུབ་པའི་ནུས་པ་ལྡན་དགོས། ཉེན་རྟོག་པར་ད་དུང་ལུས་སྟོབས་ཡག་པོ་ཞིག་ཀྱང་དགོས་ཀྱི་ཡོད་དེ། གློ་བུར་དུ་བྱུང་བའི་གནས་ཚུལ་སྣ་ཚོགས་ལ་འཕྲལ་མར་ཁ་གཏད་བཅོག་དགོས་པས་སོ། །ཁོ་ཚོའི་གཟུགས་བརྙན་དེ་རྟག་ཏུ་དྲང་བདེན་དང་། ལྷག་བསམ། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ཀྱིས་ཕྱུག་ཡོད།
ཐེངས་ཤིག ཨ་མས་ང་ལ་ཁྱོད་ཀྱི་ཕུགས་བསམ་ནི་གང་ཡིན་ཞེས་འདྲི་དུས། ངས་ཡིད་ཆེས་བརྟན་པོས་ཨ་མ་ལ། “ང་ཡི་ཕུགས་བསམ་ནི་ཉེན་རྟོག་པ་ཞིག་བྱས་ཏེ། འཛམ་གླིང་ཐོག་གི་མི་ངན་ཚང་མ་འཛིན་རྒྱུ་དེ་ཡིན”ཞེས་བཤད་པ་ཡིན། འོན་ཀྱང་ཨ་མས་ང་ལ། “བུ་མོ་ནི་སྨན་པ་བྱས་ན་འཚམ་ཤོས་རེད། ཁྱོད་ཉེན་རྟོག་པ་བྱས་ན་འགྲིག་གམ། ད་དུང་ཁྱོད་ཉིན་གང་ཁ་པར་བཟུང་ནས་མིག་རྒྱང་འགྲིབ་ཏུ་འགྱུར་ཉེན་འདུག མི་ཚོས་ཟེར་ན་ཕོ་མོ་སུ་ཡིན་རུང་ཉེན་རྟོག་པ་ཞིག་བྱེད་འདོད་ན། མིག་རྒྱང་འགྲིབ་ཏུ་མ་གྱུར་པ་དགོས་ཤིང་། དེ་ལྟར་མ་བྱུང་ཚེ་ཉེན་རྟོག་པ་བྱེད་པའི་ཐོབ་ཐང་མེད་རབས་ཤོད་ཀྱི་འདུག”ཅེས་གསུངས་བྱུང་། ངས་ཨ་མའི་བཀའ་སློབ་དེར་བསམ་ཤེས་ཐུབ་ཀྱི་འདུག་མོད། འོན་ཀྱང་ངས་ཕུགས་བསམ་ཆེད་དུ་རང་ཉིད་ཀྱི་འདོད་ཚུལ་ལ་འགྱུར་བ་གཏོང་མྱོང་མེད། ང་རང་བུད་མེད་ཀྱི་ཉེན་རྟོག་པ་ཡག་པོ་ཞིག་བྱེད་འདོད་ཡོད།
ང་རང་ལོ་རིམ་བདུན་པ་ཡིན་སྐབས། ང་ཚོའི་བོད་ཡིག་དགེ་རྒན་གྱིས་ཐེངས་ཤིག་ང་ཚོར“ཁྱོད་ཚོའི་ཕུགས་བསམ་གང་ཡིན། སློབ་གྲོགས་ཕན་ཚུན་བགྲོས་ཤིག”ཅེས་དང་། “གྲོས་བསྡུར་ཚར་རྗེས་སློབ་མ་རེ་གཉིས་ཡར་བསླངས་ནས་ཕུགས་བསམ་ཤོད་དུ་བཅུག་པས། ངའི་སྒྲོག་ཙེའི་མཐའ་སྐོར་གྱི་སློབ་གྲོགས་ཚོས་ལམ་སེང་ངའི་ཕུགས་བསམ་ཅི་ཞིག་ཡིན་མིན་དྲིས། ངས“ངའི་ཕུགས་བསམ་ནི་ཉེན་རྟོག་པ་ཞིག་བྱེད་རྒྱུ་དེ་ཡིན”ཞེས་བཤད་པས། སློབ་གྲོགས་ཚོས་ང་ལ། “ཁྱོད་ཉེན་རྟོག་པ་བྱེད་འདོད་ཡོད་དམ། ངའི་བསམ་པར་ཁྱོད་སྨན་པའམ་དགེ་རྒན་གང་རུང་ཞིག་བྱེད་འདོད་ཡོད་ཀྱི་རེད་བསམ་བྱུང”ཟེར། དེ་ནས་ཅུང་མ་འགོར་བར་རྒན་ལགས་ཀྱིས་སྐད་ཤུགས་མཐོན་པོས། “ཁྱོད་ཀྱི་ཕུགས་བསམ་གང་ཡིན”ཟེར། ང་ཅུང་ཟད་སྐྲག་བྱུང་མོད། སེམས་སུ་རང་གིས་རང་ལ་དཔའ་བསྐུལ་ནས“རང་གིས་རང་ལ་ཡིད་ཆེས་བྱོས”ཞེས་སྒོམ་བཞིན་ཨུ་ཚུགས་ཀྱིས་ཉེན་རྟོག་པ་ཡིན་ཚུལ་སྐོར་ངག་ནས་གསལ་ལ་མི་གསལ་གྱིས་ཞུས་པས། སློབ་མ་རྣམས་ཀྱིས་མཚར་སྣང་ངམ་ཡིད་སྨོན་གྱི་རྣམ་འགྱུར་སྟོན་པ་དང་། རྒན་ལགས་ཀྱིས་ཀྱང“ཡག་པོ་འདུག”ཅེས་བསྔགས་བརྗོད་ཚད་མེད་གནང་བྱུང་། དེ་ནི་ང་ལོ་རིམ་བདུན་པར་སླེབས་རྗེས་ཐེངས་དང་པོ་རྒན་ལགས་ཀྱིས་བསྟོད་བསྔགས་བཏང་བ་ཡིན། ང་ལ་མཚོན་ན་དེ་ནི་བརྗེད་དཀའ་བའི་དོན་ཞིག་ཡིན། དེ་ལྟར་ང་རང་ཆུང་དུས་ནས་ཉེན་རྟོག་པ་ཞིག་བྱེད་འདོད་ཡོད་པས། ད་བར་འབད་བརྩོན་མཚམས་འཇོག་བྱེད་མྱོང་མེད་ལ། རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད།
ཉེན་རྟོག་པ་ཞིག་ཏུ་འགྱུར་རྒྱུ་ནི་ལས་སླ་པོ་ཞིག་མིན་པས། ངས་མུ་མཐུད་སློབ་སྦྱོང་ལ་འབད་པ་བྱེད་པའི་ཞོར་དུ། ལུས་ཕུང་ལ་སྦྱོང་བརྡར་བྱེད་པ་དང་། རང་ཉིད་ཀྱི་ལྟ་ཞིབ་ནུས་པ་མཐོར་འདེགས་སུ་གཏོང་ཐུབ་པ་བྱེད་རྒྱུ་ཡིན། ལམ་བུ་འདི་འགྲན་སློང་དང་དཀའ་ཚེགས་ཀྱིས་ཁེངས་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ངས་འབད་བརྩོན་ལྷོད་མེད་ངང་དཀའ་ངལ་ཐམས་ཅད་ཁྱད་གསོད་ཐུབ་ཚེ། ད་གཟོད་ཕུགས་བསམ་མངོན་འགྱུར་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད་དོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།