ཉེ་ཆར་གཉའ་ལམ་རྫོང་ཨུད་དྲིལ་བསྒྲགས་པུའི་སྨན་ཕུག་ཤང་སྒོ་མཚོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅུ་གསུམ་པ་དང་རྫོང་རིམ་པའི་སྡེ་ཁག་ཁག་དང་མཉམ་འབྲེལ་བྱས་ནས་“སེམས་ནང་བོད་ལྗོངས་བཅངས་པ་དང་ཀྲེ་ཅང་ལ་བརྩེ་སེམས་ཆེན་པོ་ལྡན”ཞེས་པའི་གཅེས་སེམས་སྤྱི་ཕན་རྩ་འཛུགས་དང་གཅེས་སེམས་མི་སྣ། ཁེ་ལས་བཅས་དང་མཉམ་དུ“སེམས་ལ་མཐའ་མཚམས་བཅངས་ནས་བརྩེ་སེམས་ཟབ་མོས་དམངས་སེམས་ལ་དྲོ་སྐྱིད་འབུལ་རྒྱུའི”དམངས་དོན་དངོས་སྒྲུབ་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཚོའི་སྨན་པ་གཉིས་ཀྱིས་མང་ཚོགས་ཀྱི་བདེ་ཐང་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཁྲག་ཤེད་ཅུང་མཐོ་བའམ་ཡང་ན་ཅུང་དམའ་བ་ཚོར་བདེ་ཐང་ཕྱོགས་ཀྱི་བསམ་འཆར་འདོན་སྤྲོད་བྱས་པ་དང་། རྒྱུན་གཏན་གྱི་བཟའ་བཏུང་དང་འཚོ་བ་སྐྱེལ་སྟངས་ཐད་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཞིབ་ཕྲ་སོགས་ཚུད་པའི་བདེ་ཐང་གི་གྲོས་འགོ་བཏོན་པ་རེད། དེ་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དངོས་རྫས་ཀྱི་གྲངས་འབོར་ཞིབ་རྩིས་བྱས་རྗེས་མིང་ཐོ་ཞིབ་བསྡུར་བྱས་པ་དང་འབྲེལ་དངོས་རྫས་བཀྲམ་པར།“གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བྱམས་སེམས་ལྡན་པའི་མི་སྣར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་རྫས་དེ་དག་ལག་ཏུ་ཐོགས་ཏེ་ད་ལོའི་དགུན་ཁ་དམངས་ཚོགས་ཚང་མ་དྲོ་སྐྱིད་ལྡན་པ་ཞིག་བྱུང་ངེས་རེད”ཅེས་སྒོ་མཚོ་གྲོང་ཚོའི་རྒན་རྒོན་ངག་དབང་གིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོའི་རྣམ་གྲངས་ནང་དངོས་ཟོག་ཞལ་འདེབས་དང་བདེ་ཐང་འོས་འགན་སྨན་བཅོས། བྱ་དགའ་སྤྲོད་པའི་འགྲན་ལེན། སྔོན་ཐོན་གཟེངས་བསྟོད་སོགས་ཚུད་ཡོད་པ་རེད། ཞལ་འདེབས་སུ་ཕུལ་བའི་དངོས་ཟོག་ལ་མི་དར་མ་དང་བྱིས་པའི་གྱོན་ཆས་དང་དཔེ་ཁུག ཉལ་ཁྲི། ཟ་ཁོག ཕོར་པ་དང་ཐུར་མ། ཤིང་ཏོག འོ་མ། རྩམ་པ་སོགས་ཚུད་ཡོད། དེ་བཞིན་ཤེས་བྱ་དྲིལ་བསྒྲགས་ལག་དེབ་ཁྱོན་9967སྤྲད་པ་དང་། བཟའ་བཅའ་དང་འཚོ་བའི་མཁོ་ཆས། སློབ་སྦྱོང་མཁོ་ཆས་སོགས་གཅེས་སེམས་དངོས་ཟོག་25499སྤྲད་ཅིང་སྤྱིའི་རིན་ཐང་སྒོར་241910ཟིན་ནས་ཕན་པ་ཐོབ་མཁན་མི་གྲངས་359ཟིན་ཡོད་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།