ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། མ་དངུལ་སྒོར་ཁྲི་6000ལྷག་ཙམ་བཏང་བའི་བོད་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་འཕེལ་རྒྱས་བདེ་བླག་བྱུང་ནས་དཔེ་སྟོན་ཁུལ་གྱི་གཟན་རྩྭ་མུའུ་རེར་ཆ་སྙོམས་སྔོ་རྩྭ་རྒྱ་མ་300ཙམ་ཐོན་འཕར་བྱུང་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ཀྱི་དུས་ཡུན་ལོ་2ཡིན་ཞིང་། རྣམ་གྲངས་དེ་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྒྲིག་འཛུགས་བྱས་པ་དང་ལྗོངས་ཞིང་འབྲོག་ཚན་རིག་ཁང་རྩྭ་ལས་ཚན་རིག་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་དེ་མཚོ་སྔོན་སློབ་ཆེན་སོགས་ཚན་པ་དང་མཉམ་དུ་ས་ནག་གྲམ་ཐང་བཅོས་སྐྱོང་ལག་རྩལ་ནང་འདྲེན་བྱས་ནས་ལྷ་ས་དང་། ནག་ཆུ། མངའ་རིས་སོགས་ས་ཁུལ(གྲོང་ཁྱེར)3གྱི་རྫོང(ཆུས)6ཏུ་སྤེལ་བ་དང་། 2023ལོ་དང་2024ལོར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་31ལེགས་སྒྲུབ་བྱས་ནས་སྔོ་ཁེབས་ཁྱབ་ཚད་60%ཟིན་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་དཔེ་སྟོན་ཁུལ་གངས་ལྷ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཀྲས“ན་ནིང་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ཀྱིས་ང་ཚོའི་གྲོང་ཚོའི་ཞན་འགྱུར་རྩྭ་ཐང་དུ་རྨོ་བསྐྱུར་རྩྭ་འདེབས་མུའུ་ཁྲི་1བྱས་པ་འདི་དག་ལོ་གཉིས་རིང་ཡག་པོ་སྐྱེས་འདུག ད་ལྟ་དགུན་དུས་བྱེ་རླུང་ལྡང་ཤུགས་ཆུང་དུ་ཕྱིན་པ་མ་ཟད། ནོར་ལུག་གི་གཟན་རྩྭར་ཡང་སེམས་ཁྲལ་བྱེད་དགོས་མི་འདུག སླད་ཕྱིན་ང་ཚོའི་གྲོང་ཚོར་རྩྭ་དེ་འདྲ་མང་ཙམ་འདེབས་རྒྱུའི་རེ་བ་ཡོད། དེ་ལྟར་བྱུང་ན་ང་ཚོའི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་ཡིན”ཞེས་བརྗོད་པ་རེད།
པ་ཚེས་བསྒྱུར།