མིའི་རིགས་ཀྱི་བླ་སྲོག་འཛུགས་སྐྲུན་བྱེད་མཁན་སུ་ཡིན་ནམ། དགེ་རྒན་ཡིན། ཟད་མེད་ཀྱི་འོད་སྟོང་སྤྲོད་མཁན་སུ་ཡིན་ནམ། དགེ་རྒན་ཡིན། གཏི་མུག་གི་དགྲ་བོ་གཏོར་མཁན་སུ་ཡིན་ནམ། དགེ་རྒན་ཡིན། འཛམ་གླིང་ཀུན་གྱི་ཤེས་བྱའི་ཞིང་ཁམས་རྒྱ་སྐྱེད་གཏོང་མཁན་སུ་ཡིན་ནམ། དགེ་རྒན་ཡིན།
འཇིག་རྟེན་འདིའི་ཐོག་ཤེས་བྱ་འདྲ་མིན་སྣ་ཚོགས་སློབ་མཁན་གྱི་དགེ་རྒན་ཡོད། དཔེར་ན། རིག་ཚན་སོ་སོ་སློབ་མཁན་གྱི་དགེ་རྒན་དང་དོན་དངོས་ཀྱི་འཚོ་བའི་ནང་དོན་སློབ་མཁན་གྱི་དགེ་རྒན་སོགས་ཡོད། དེ་དག་ཡོད་པའི་རྐྱེན་གྱིས་ང་ཚོའི་འཇིག་རྟེན་འདི་མཛེས་ཆས་སྤྲད་པ་བཞིན་ཡིད་འོང་ལྡན། མ་གཞི་སློབ་ཁྲིད་གནང་རྒྱུ་དེ་ནི་དགེ་རྒན་གྱི་འགན་འཁྲི་ཡིན། འོན་ཀྱང་ཁོང་ཚོས་འགན་འཁྲི་ལེགས་འགྲུབ་བྱས་པ་མ་ཟད། ལས་གནས་དེར་མཐོང་ཆེན་གྱིས་སྐྱེས་བུ་རྣམས་ལ་ལམ་སྟོན་བྱེད་བཞིན་ཡོད།
དགེ་རྒན་ལགས། ཁྱེད་ནི་དཔྱིད་ཀྱི་ཕོ་ཉས་གཉིད་ལ་ཡུར་བའི་སྐྱེ་དངོས་དག་གཉིད་ལས་དཀྲོགས་པ་ལྟར་སྨག་རུམ་མུན་པའི་ནང་ཁ་ཕྱོགས་མ་རྙེད་པར་བསྡད་པའི་ང་ཅག་ལ་ལམ་སྟོན་བྱེད། དགེ་རྒན་ལགས། ཁྱེད་ནི་དབྱར་གྱི་སྤྲིན་བཅུད་ཀྱིས་རྩྭ་རྩི་ཤིང་དག་ལ་ཆུ་ཟིམ་གྱི་ཁུར་བ་སྦྱིན་པར་ལྟར་རང་ཉིད་ཀྱི་རྔུལ་ཆུས་ང་ཚོར་ཤེས་བྱ་སྦྱིན་པར་བྱེད། དགེ་རྒན་ལགས། ཁྱེད་ནི་སྟོན་གྱི་ལྗོན་ཤིང་གིས་རང་ཉིད་ཀྱི་འབྲས་བུ་དེ་སྲོག་ཆགས་གཞན་ལ་རེ་ཕུལ་བྱེད་པ་བཞིན་རང་ཉིད་ཀྱིས་བརྩོན་འགྲུས་བྱས་པའི་ཤེས་བྱའི་འབྲས་བཟང་དེ་ང་ཚོ་ལ་སེར་སྣ་མེད་པར་བསླབས་སྟེར་གནང་། དགེ་རྒན་ལགས། ཁྱེད་ནི་དགུན་གྱི་ཁ་བས་ར་རི་མཐའ་དག་བཏུམས་པ་བཞིན་ང་ཚོར་ཤེས་བྱ་གཡོགས་ནས་དྲོ་སྐྱིད་སྟེར། ཁྱེད་ནི་དྲི་ཞིམ་ལྡན་པའི་འདམ་ར་དང་འདྲ་བར་ང་ཚོ་འདམ་སྐྱེས་ཆུང་ཆུང་ཚོ་གསོ་སྐྱོང་བྱས་ནས་ཤེས་བྱའི་དྲི་ངད་འཐུལ་བར་བྱེད། ཁྱེད་རྣམས་ཀྱི་བཀའ་དྲིན་ནི་དྲིན་ཆེན་ཡབ་ཡུམ་དང་གཉིས་སུ་མ་མཆིས་པས་ཁྱེད་རྣམ་པའི་དྲིན་ལན་དེ་ངས་ལོག་འཇལ་ག་ལ་བྱེད་སྲིད། གུས་མོས་ཤེས་བརྩོན་ཟུང་འབྲེལ་བྱས་ནས་ཁྱེད་རྣམས་དང་འདྲ་བའི་སྐྱེས་བུ་ཚད་ལྡན་ཞིག་བྱེད་ངེས་ཡིན། ངས་ཁྱེད་རྣམ་པའི་ལྷད་མེད་གངས་དཀར་གྱི་སེམས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྤྱོད་བཟང་ལ་ཡང་སློབ་སྦྱོང་བྱེད་ཀྱི་ཡིན།
དགེ་རྒན་ལགས། ཁྱེད་དཔའ་བོ་ཇི་བཞིན་སྟོབས་མ་ཆེ་ཡང་མཛད་རྗེས་དེ་ལས་ཆེ་བ་ཡོད་པས། ཁྱེད་ནི་ཤིན་ཏུ་གྲགས་ཅན་གྱི་མི་སྣ་ཞིག་ཡིན། ང་རང་ཡང་སེམས་གཏིང་ནས་ཁྱེད་ལ་གུས་མོས་བྱེད། དགེ་རྒན་ལགས། ཁྱེད་ཀྱི་བཀའ་སློབ་ང་ཡིས་རྡོ་བརྐོས་རི་མོ་བཞིན་དུས་ནམ་ཡང་སེམས་ལ་འཇོག་གིན་ཡོད། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།