西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཡིད་རྟོན་པར་རུང་བའི་མི་ཞིག ༄༅། །དགེ་རྒན་ལགས། དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་པ།

放大 缩小 默认

༄༅། །ཡིད་རྟོན་པར་རུང་བའི་མི་ཞིག

□ 作者 དཀར་རྒྱན།

རྒན་མིག་དམར་ཚེ་རིང་ལགས་སུ།

འཇིག་རྟེན་གཏམ་གྱི་དཔེ་ལ། བྱམས་སྡང་བྱིས་པའི་སེམས་ལ་གསལ། ཁ་མངར་ལྐུགས་པའི་ཁོག་ན་ཡོད་ཟེར།

དེ་ཡང་། མི་རྒན་པ་རྣམས་ཀྱིས་བསམ་མེད་ཀྱི་བྱིས་པ་དག་ནི་ལེགས་ཉེས་དང་བླང་དོར་ལ་དེ་ཙམ་མི་མཁས་པར་འདོད་རུང་། ངས་བལྟས་ན། ན་ཆུང་བྱིས་པ་དག་ནི་སུ་ཞིག་གིས་རང་ལ་ཤ་ཚ་མིན་དང་སུ་ཞིག་ལ་ཡིད་རྟོན་རུང་མིན་གསལ་གསལ་ཐིང་ཐིང་དུ་ཤེས་པ་ཤ་སྟག་རེད།

དགེ་རྒན་དང་སློབ་བུ་དག་དུས་རྒྱུན་དུ་གཤིབ་ཅིང་འདྲིས་ཡོད་པས་ཕན་ཚུན་ལ་རྒྱུས་མངའ་གང་འཚམ་ཡོད་དེ། གཙོ་བོ་དགེ་རྒན་གྱི་སྤྱོད་ལམ་དང་ཁྲིད་ཐབས་ལ་བརྟེན་ནས། སློབ་བུ་མང་ཆེ་བ་གང་དེར་དགའ་བའམ་མི་དགའ་བའི་དབྱེ་བ་ཕྱེད་འོང་ཞིང་། ཚད་ཤིང་ནི་དགེ་རྒན་གང་དེས་སློབ་བུ་ཚོར་ཤ་ཚ་མིན་དང་། འགན་འཁུར་མིན་དང་། ཡིད་ཆེས་མིན་དེ་ཡིན། ཡིད་རྟོན་རུང་བའི་དགེ་རྒན་ཞིག་ཡིན་ཕྱིན། སློབ་མ་དག་རང་བཞིན་གྱིས་ཁོང་ལ་གུས་ཤིང་ཞེད་པའམ་ཡང་ན་མཛའ་ཞིང་བརྩེ་བར་འགྱུར།

དེང་གི་དགེ་རྒན་ལ་ལས་སློབ་མ་དག་རང་གི་བུ་ཕྲུག་ལྟར་སྐྱོང་གིན་ཡོད་པར་སྨྲ། ཡིན་ན་ཡང་གང་དེས་སློབ་མ་དག་ལ་བརྩེ་བ་དང་བདེན་སྣང་སྤྲད་པ་ཉུང་བར་སྣང་། ཕ་མས་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི། རང་བཞིན་གྱིས་བབས་ཡོང་བ་ཞིག་ལས་བཙན་གྱིས་བཙིར་ནས་འོངས་པ་ཞིག་མ་ཡིན། ལྷ་ས་སློབ་འབྲིང་དུ་འབྱོར་མཚམས། དགེ་རྒན་ཞིག་གིས་ང་ལ་ཏག་ཏག་ཕ་མ་ལྟ་བུའི་ཚོར་སྣང་ཞིག་སྦྱིན།

མིང་ཐོ་བཀོད་རྗེས་ཀྱི་ཁྱིམ་བདག་ཚོགས་འདུ་ཐེངས་དང་པོ་དེར་འཛིན་གྲྭའི་སློབ་ཕྲུག་དང་ཁྱིམ་བདག་ཕལ་མོ་ཆེ་འབྱོར་ཡོད་ཅིང་། ཁོང་གིས་ང་ཚོར་འཚོ་བ་གསར་པར་གདོང་གཏོད་དགོས་པ་དང་། འདས་ཟིན་པའི་ཡོན་ཏན་དང་སྦྱངས་འབྲས་ལ་གྱེས་ཕྱག་ཞུ་དགོས་པ། ད་ལྟ་ནས་བཟུང་། རང་ཉིད་ཀྱིས་འགན་འཁྲི་ལྷུར་བླངས་ཏེ་ང་ཚོའི་སློབ་སྦྱོང་དང་འཚོ་བར་ལྟ་སྐྱོང་བྱ་རྒྱུ་ཡིན་པ་སོགས་ལྷུག་པོར་བརྗོད། སྐབས་དེར་ཁོང་གིས་རྒྱ་སྐད་དང་བོད་སྐད་འདྲེས་མའི་ལམ་ནས་བརྗོད་པ་ཡིན་མོད་ཀྱི། སྐད་ཆ་རེ་རེ་ནི་བརྩེ་བས་ཕྱུག་པ་ཞིག་ཡིན་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས། མཐར་ཁོང་གིས། ངས་ཚེ་འདིར་སློབ་མ་བརྒྱ་ཕྲག་དུ་མ་བསྐྱངས་ལ་མི་རིང་བར་རྒན་ཡོལ་ཡང་བྱེད་རྩིས་ཡོད། གང་ལྟར། དུས་ནམ་ཞིག་ཡིན་རུང་ངས་རང་གི་སློབ་མ་ཚོ་སོ་སོའི་བུ་ཕྲུག་ལྟར་བསྐྱངས་དང་སྐྱོང་བཞིན་ཡོད་ཅེས་ཀྱང་བརྗོད་ནུས་གསུངས། དེ་ལ་ང་ནི་ཅུང་ཟད་ཧད་དེ་ལུས།

ཁྱིམ་དུ་འབྱོར་རྗེས། ཨ་མས་དགེ་རྒན་ཁོང་ནི་ཅི་འདྲའི་ལྷག་བསམ་རྣམ་དག་ཅིག་རེད་ཨང་ཟེར་སོང་། ངས་ཀྱང་མགོ་བོ་ལྕོག་ཙམ་བྱས། དོན་ལ། དེ་དུས་སུ་ངས་ཁོང་ནི་སྐུ་ཤ་ཅུང་རྒྱས་ཤིང་ཞལ་རས་འཛུམ་གྱིས་ཁེངས་པ་ཞིག་ཏུ་མཐོང་བ་ཙམ་ཡིན། བསམ་སྟངས་དེ་འདྲ་ཞིག་ཁྱེར་ཏེ་སློབ་མགོ་རྩོམ་པའི་དམག་སྦྱོང་གི་ལས་སུ་ཞུགས།

ང་རང་འཛུལ་སའི་འཛིན་གྲྭ་དེའི་ནང་དུ་སློབ་མ་ལྔ་དྲུག་ཙམ་འགན་ལེན་གསུམ་གྱི་སློབ་མ་མིན་ལ་ངའང་དེའི་གྲས་སུ་ཡོད། རྒན་ལགས་ཁོང་དང་འཛིན་བདག་གཞོན་པ་གཉིས་ཀྱིས་འབད་བརྩོན་ནར་མར་གནང་བའི་མཐར། ང་ཚོ་ཚང་མ་འགན་ལེན་གསུམ་གྱི་སྲིད་ཇུས་ཁོངས་སུ་བཅུག་སྟེ། དེ་ནི་སློབ་རིན། ཟས་རིན། སློབ་ཆས་ཀྱི་རིན་པ་སོགས་སྤྲོད་མི་དགོས་པའི་སྲིད་ཇུས་ཙམ་ཞིག་ཏུ་མ་ཟད། ང་ཚོར་མཚོན་ན། ཁོང་གིས་ང་ཚོར་ཐུགས་ཁུར་བླ་ལྷག་གནང་བའི་འབྲས་རྟགས་ཤིག་ཀྱང་ཡིན།

རྒན་ལགས་ཀྱིས་རྒྱ་ཡིག་སློབ་ཁྲིད་གནང་སྐབས་སློབ་མ་ཚོ་སྤྲོ་བས་ཁེངས་ལ་ཁོང་གིས་དུས་རྒྱུན་དུ་བཞད་གད་ཀྱང་སློང་། ངས་ཤེས་ཚོད་ལྟར་ན། དེ་དུས་འཛིན་གྲྭའི་ནང་དུ་རྒྱ་ཡིག་སློབ་ཁྲིད་ལ་མི་དགའ་མཁན་ཧ་ལམ་མེད་དེ། རྒན་ལགས་ཁོང་གིས་ང་ཚོར་བསམ་བློ་བརྗེ་རེས་བྱེད་ལ་ཁ་ཏ་བསླབ་བྱའང་གནང་། ད་རུང་ཁོང་གི་བྱིས་པའི་དུས་ཀྱི་བསྟན་བཤིག་གི་འཚོ་བ་བཤད་ལ། འདས་སོང་གི་འཚོ་བ་ལས་བྱུང་བའི་ཁོང་གི་བློ་འགྱོད་ཀྱང་ཤེས་སུ་འཇུག དེར་མ་ཟད། ཁོང་ནི་རང་གི་ཁྱིམ་ཚང་ལ་བརྩེ་བ་ཧ་ཅང་ཟབ་པ་ཞིག་ཡིན་པས་ན། ང་ཚོར་རྒྱུན་དུ། ང་ལ་རྟག་པར་ཁྱོད་ཅག་རྐྱང་རྐྱང་བསྲུངས་ནས་སྡོད་པའི་ཁོམ་པ་མེད། ངས་བཟའ་ཟླ་དང་བུ་ཕྲུག་ལ་སྡོད་རོགས་བྱ་དགོས་ཞེས་ཀྱང་གསུངས།

ང་ཚོ་ནི་གཙོ་གནད་འཛིན་གྲྭ་ལྟ་བུར་གཏོགས་རུང་། ཁོང་གིས་སྔར་བཞིན་ང་ཚོར་ངལ་གསོ་སྟེར་ཞིང་ཚད་ལས་བརྒལ་བའི་གནོན་ཤུགས་མི་སྤྲོད། སྐབས་དེར་གཙོ་གནད་འཛིན་གྲྭ་གཞན་དེའི་སློབ་མ་དག་ནི་འཛིན་བདག་གིས་ཉིན་གང་བོར་བསྲུངས་ནས་སློབ་སྦྱོང་བྱེད་དུ་འཇུག་གིན་ཡོད། ང་ལ་མཚོན་ན། དེ་ནི་སློབ་སྦྱོང་ལ་ཡར་ཐོན་འབྱུང་བའི་ཐབས་ལམ་ཞིག་ལས། བཟོད་པར་དཀའ་བའི་འཚོ་བ་ཞིག་ཡིན་ངེས།

ཁོང་གིས་ཟླ་རེར་སློབ་མ་གཉིས་ཙམ་ལ་ཟ་མའི་ཁ་གསབ་ཀྱི་གྲོན་དངུལ་སྒོར་སུམ་བརྒྱ་ཙམ་སྟེར་གྱིན་འདུག་པ་གོ་བྱུང་ལ། ཡང་ཅང་མ་འགོར་བར་ཁོང་རང་གིས་སྒོར་ཆིག་སྟོང་དང་། གྲོགས་པོ་ཞིག་གིས་མ་རྩ་བཏང་བའི་སྒོར་ཆིག་སྟོང་བཅས་གཅིག་ཏུ་བསྡུས་ནས། སློབ་མ་ཚོའི་ཟླ་རེའི་འགྲོ་གྲོན་མ་འདང་ཚེ་དེ་ལས་དངུལ་གཡར་ཆོག་ཆོག་བྱས། དེས་ང་ཚོའི་འཛིན་གྲྭའི་སློབ་མ་མང་པོར་ཕན་ཐོགས་ཆེན་པོ་བྱུང་། གཟའ་ཐོ་འབྲི་བ་ནི་ང་ཚོའི་གཟའ་འཁོར་གཅིག་གི་སྦྱོང་ཚན་དག་ལས་ཆེས་གལ་ཆེ་བ་དེ་ཡིན། ཁོང་གིས་དེར་མཐོང་ཤིན་ཏུ་ཆེན་པོ་བྱེད། འོན་ཀྱང་རྒྱུ་མཚན་ཅི་ཡིན་གསལ་བོ་མ་ཤེས། ཉིན་ཞིག་ལ། རྒན་ཁོང་གིས། གཟའ་ཐོ་ལས་སློབ་མའི་གནས་སྐབས་ཀྱི་སེམས་ཁམས་མཐོང་ཐུབ་ལ་འགྱུར་ལྡོག་ཀྱང་གསལ་བོར་ཤེས་ཐུབ་གསུངས། ཁོང་གིས་སློབ་ཕྲུག་ཚང་མའི་ཉིན་ཐོ་ལ་མཚན་བཀོད་ནས་སྐུལ་སློང་ངམ། ཡང་ན་སེམས་གསོའི་ཚིག་དུམ་རེའང་འབྲི་བར་བྱེད་ལ། སློབ་མ་ཚོས་ཀྱང་ཉིན་ཐོ་འབྲི་བ་ལ་བརྟེན་ནས་རང་གི་གསང་བ་དགེ་རྒན་ལ་ཞུ་བར་བྱེད།

མཚམས་ཤིག་ལ། སློབ་གྲྭས་ང་ཚོའི་ཆུ་ཁོལ་སྐོལ་བྱེད་དེ་གཞུང་བཞེས་བྱས་པར་རྒན་ཁོང་གིས་ཐེངས་དུ་མར་ཕྱིར་ལེན་རྩིས་གནང་རུང་མ་སྦྱིན་པས། མཐར་སློབ་སྤྱིའི་རྩར་སོང་ནས་གང་དེའི་མ་རྩ་སྒོར་སུམ་བརྒྱ་དེ་ཨུ་ཚུགས་མཐར་སྐྱེལ་གྱིས་ཚུར་བླངས་སོང་།

སྤྱིར་ང་ཚོར་གནོན་ཤུགས་སྟེར་མཁན་མེད་ན་ཡང་འཛིན་གྲྭའི་ནང་ཁུལ་དུ་འགྲན་རྩོད་ཆེ་བས། དུས་སྐབས་ཤིག་གི་རིང་ལ། ངས་གནོན་ཤུགས་མ་ཐེག་པར་སྐྱོ་བ་དང་ངུ་བ་ཁྲོ་བ་སོགས་བྱུང་བས་ཕ་མ་གཉིས་རེ་ཞིག་སེམས་ཁྲལ་ལ་གཏད། རྗེས་སུ་སློབ་གྲྭར་སོང་ནས་དགེ་རྒན་ལ་འཛིན་གྲྭ་རྩེ་གྲ་ཡི་སློབ་མ་དག་ལ་གནོན་ཤུགས་སྤྲོད་པའི་དགོས་པ་མེད་ལ་སྐུལ་སློང་བྱས་པས་འགྲིག་འདུག་ཚུལ་ཞུས་དུས། རྒན་ལགས་ཁོང་གི་ལྷད་མེད་ཀྱི་རྣམ་འགྱུར་དང་། རྣམ་དག་གི་བསམ་པ་དེས་ངའི་ཨ་ཕའི་སེམས་པ་རབ་ཏུ་བཀུག མ་གཞི་ཡང་རྒན་ལགས་ཀྱི་མིག་མདངས་དང་། བཀའ་མོལ་དང་། མཛད་ཕྱོགས་ཏེ། ཁོང་གི་ལུས་ངག་ཡིད་གསུམ་ལས་བརྩེ་བ་ཞིག་རང་བཞིན་གྱིས་མངོན་འོང་། གང་དེས་སློབ་མ་ཐམས་ཅད་ལ་ཞེན་ཁ་ཕྱོགས་རིས་མེད་པར་བྱམས་ཀྱིས་སྐྱོང་ཞིང་བརྩེ་བས་འཚོ་ལ་ངང་རྒྱུད་ཀྱང་རིང་། དེ་བས་སློབ་ཕྲུག་ཚང་མས་ཁོང་ལ་ཡིད་རྟོན་བྱེད་ཅིང་ལུས་སེམས་གཉིས་ཀ་འབུལ་བར་བྱེད། ད་ལྟའི་བར་དུ། ང་ནི་ཁོང་ལས་ལྷག་པའི་བརྩེ་བ་དང་འགན་ཁུར་གྱིས་ཕྱུག་པའི་རྒན་ལགས་ཤིག་དང་ཕྲད་མ་མྱོང་ཞེས་ཁ་ཚོན་བཅད་ནས་བཤད་ནུས་སོ། །

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་སློབ་གླིང་ལོ་རིམ་གསུམ་པའི་སློབ་མ།

ཟུར་ཁྲིད་དགེ་རྒན། བཙུན་པོ་དོན་གྲུབ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明