ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་གི་སྤྱི་འབོར། དངོས་ཟོག་ཕྱིར་གཏོང་ནང་འདྲེན་སྤྱི་འབོར། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབྱོར་འཕར་ཚད་ཁག་11ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཕེང་དབྱི་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ཡོད་པ་དང་། རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་5དང་དཔེ་སྟོན་ཚན་པ་8དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་11དང་། དཔེ་བཟང་ཚན་པ་77དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐང་ཆེན་168དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲོམ་གཞུང་61“ས་མཐོའི་སེ་འབྲུ་དམར་པོའི་ས་ཚིགས”110བཅས་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དམངས་འཚོའི་བདེ་སྐྱིད་དེ“ཡོད་མེད”ནས“ཡག་པོ་ཡོད་མེད”དང“མང་ཚོགས་བློ་ཡིད་ཚིམ་མིན”བར་འགྱུར་ལྡོག་བཏང་བ་རེད།
གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་18075དང་སྒོར་5165ནས་2023ལོའི་སྒོར་50806དང་སྒོར་18070བར་མང་དུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
གཞན་ཡང་གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མཐའ་མཚམས་གྲོང་རྡལ་གྱི་ཆུ་དང་། གློག ལམ། ཆ་འཕྲིན། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ཏེ། ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བའི་སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་མ་ལག་གིས་མཐའ་མཚམས་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་དང་། སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པ། བུ་ཕྲུག་གི་སློབ་གསོ་བཅས་ཀྱི་ཐད་སྔར་བས་སྟབས་བདེ་ཡོང་བར་བྱས་ཡོད། ཡུལ་སྐོར་གྱི་སྣང་ཚུལ་དང་ལུས་གསོ་སྤྲོ་གསེང་། བཟའ་བཏུང་ཞག་སྡོད་གཞི་གཅིག་ཅན་གྱི་མཐའ་མཚམས་ཡུལ་སྐོར་ཐོན་ལས་རིམ་བཞིན་ཁྱད་ལྡན་ཅན་དང་། རྩེར་སོན་ཅན། སྤུས་རྟགས་ཅན་བཅས་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་རེད། འགྲམ་དང་། སྐྱིད་གྲོང་། ལི་ཙེ་བཅས་རྒྱལ་ཁབ་རིམ་པའི་འགག་སྒོ་གསུམ་གྱི་འགྲུལ་ཟོག་གཉིས་ཀ་ཤར་གཏོང་ཐུབ་པ་དང་སྦྲགས། ཀྲུང་ནེའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་11སྒོ་དབྱེ་བྱ་རྒྱུའི་ཆོག་མཆན་ཐོབ་ནས་བོད་ཀྱི་ཐོན་རྫས་དེ་བས་མང་བ་རྒྱལ་སྤྱི་ནས་འཛམ་གླིང་ཕྱོགས་སུ་སྐྱོད་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།