བདག་གི་ཕ་ཡུལ་ནི་འབྲི་རུ་རྫོང་གཤམ་ཆུ་ཤང་ཡར་གདོང་གྲོང་ཚོའི་ས་ཆ་ཞིག་ཡིན། ས་འདི་ནས་བྱང་ཕྱོགས་སུ་བལྟས་ན། སྙན་གྲགས་ཆེ་བའི་ཁམས་སྲིང་མོ་རྫོང་ཁྲ་ལམ་མེར་མཐོང་གི་ཡོད། གནས་དེ་རུ་གེ་སར་གྱི་རྟ་རྐྱང་ངུའི་ཞབས་རྗེས་ཡོད་ཟེར་བ་དང་། ད་དུང་བཤད་ནས་བཤད་མི་ཚར་བའི་གནའ་གཏམ་མང་པོ་ཡོད་རབས་གོ་རྒྱུ་འདུག གོང་མཚར་སུམ་མདོ་ནི་ང་ཚོ་ལོ་ལྟར་འབུ་བརྐོ་བར་འགྲོ་སའི་ས་ཆ་ཡིནལ་ང་ཚོའི་ཡུལ་མི་རྣམས་ཀྱི་འབྲོག་ས་ཡང་ཡིན།
ས་ཆ་འདི་ནི་མཛེས་ཤིང་ཡིད་དུ་འོང་བ་མ་ཟད། རྟ་ནོར་ལུག་གསུམ་གྱི་འབོད་སྒྲས་ཁེངས་ལ་རི་དྭགས་རྣམས་བློ་བདེ་བག་ཕེབས་ངང་རྩྭ་ཆུར་རོལ། ད་དུང་དགོང་མོ་སླེབས་ལ་ཉེ་བའི་སྐབས་མུ་མཐའ་མེད་པའི་ནམ་མཁའི་མཐའ་ན་མཚམས་སྤྲིན་དམར་པོ་ཤམ་བུ་བཞིན་འཁྲིགས། དམར་པོ་མེ་ཕུང་དང་འདྲ་བའི་མཚམས་སྤྲིན་དང་། དཀར་པོ་ལུག་བལ་དང་འདྲ་བའི་ཆུ་འཛིན་དག་གཅིག་ལ་གཅིག་འབྲེལ་གྱིས་བར་སྣང་དུ་གདུགས་ལྟར་འཁོར་བ་ནི། ཅི་འདྲའི་ཡིད་དུ་འོང་བའི་རྣམ་པ་ཞིག་རེད་ཨང་། དཀན་གཟར་གྱི་རི་བོའི་ངོས་ནས་འབབ་པའི་རྦབ་ཆུ་ནི། དར་དཀར་ཡུག་ཅིག་ཐུར་དུ་དཔྱངས་པ་བཞིན་རི་བོའི་བྲང་གཞུང་ནས་ཐུར་དུ་ཐེན་ཡོད། ཡུལ་ལྗོངས་དེ་ཡི་དབུས་སུ་མི་རྣམས་དབྱར་རྩྭ་དགུན་འབུ་བརྐོ་ལ་བྲེལ་ཞིང་། དགའ་འོས་པ་ཞིག་ནི། འདི་ལོའི་དབྱར་རྩྭ་དགུན་འབུ་ལོ་གོང་མ་ལས་ཧ་ཅང་ཡག་པས། མི་རྣམས་ཀྱང་སྔ་ལོ་ལས་བྲེལ་འཚུབ་ཆེ་བ་དང་། འབུ་བརྐོ་སྐབས་དེ་སྔོན་བཞིན་མཉམ་དུ་ཐུག་སྐབས་སྐད་ཆ་ཡང་མང་པོ་ཤོད་ཀྱི་མི་འདུག ལྷག་པར་དུ་ཉིན་མོའི་ཁ་ལག་མཉམ་དུ་ཟ་བའི་དེ་སྔོན་གྱི་རྣམ་པ་དེ་ཡང་ཧ་ལམ་མཐོང་རྒྱུ་མི་འདུག
དུས་ཚོད་འཁྱུག་ཙམ་ཞིག་ལ་ཟླ་དྲུག་པའི་ཟླ་མཇུག་ཏུ་སླེབས། རི་ཀླུང་གང་སར་མེ་ཏོག་གི་འཇའ་ཚོན་ཤར་བ་དང་དབྱར་རྩྭ་དགུན་འབུ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ། ང་ཚོ་སློབ་འགོ་ཚུགས་རྒྱུར་ཉིན་ཁ་ཤས་ལས་མ་ལྷག ངའི་སེམས་ནང་དུ་འཆར་བ་ནི་བྱམས་བརྩེ་ལྡན་པའི་རྒན་ལགས་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་སློབ་གྲོགས་རྣམས། ད་དུང་དཀར་ཆ་དོད་པའི་སློབ་ཁང་ནང་དུ་སློབ་གྲོགས་རྣམས་དཔེ་ཀློག་བྱེད་པའི་སྒྲ་ལྷང་ལྷང་དུ་གྲགས་པ་བཅས་རེད། ད་ནི་དབྱར་ཁའི་གུང་གསེང་མཇུག་བསྒྲིལ་ལ་ཉེ་བས། སློབ་གྲྭར་སླེབས་རྗེས་ངས་བློ་རྩེ་གཅིག་བསྒྲིམས་བྱས་ནས་སློབ་ལ་འབད་ངེས་ཡིན། མ་འོངས་པའི་ལོ་ཟླའི་ནང་ཕ་མ་དང་དགེ་རྒན། ཏང་དང་རྒྱལ་ཁབ་བཅས་ཀྱི་བཀའ་དྲིན་མ་བརྗེད་སྙིང་ལ་འཆང་སྟེ། སློབ་མ་བཟང་པོ་ཞིག་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཞག་ཡོད་ལ་དེའི་སེམས་ཤུགས་ཀྱང་ཡོད། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)
ཟུར་ཁྲིད་དགེ་རྒན། དགའ་བཟང་།