http://zw.xzqnb.cn/Content/weixinlogo.png
བཀྲ་ཤིས་ནི་གཟུགས་རིད་ཅིང་སྤྱང་གྲུང་འཛོམས་པའི་དུས་རབས་ཉེར་གཅི
http://zw.xzqnb.cn/m/content/2024-09/13/000858.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདག་གི་སློབ་གྲོགས།

༄༅། །བདག་གི་ཕ་ཡུལ།

等待处理…

༄༅། །བདག་གི་སློབ་གྲོགས།

作者 རང་ཚུགས།
2024年09月13日

བཀྲ་ཤིས་ནི་གཟུགས་རིད་ཅིང་སྤྱང་གྲུང་འཛོམས་པའི་དུས་རབས་ཉེར་གཅིག་གི་གཞོན་ནུ་ཞིག་ཡིན། ཁོ་པའི་ཕ་མ་གཉིས་པོ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས་རྣམ་ཀུན་ནས་ཁོ་པ་སློབ་སྦྱོང་ཐད་ལ་སེམས་ཁྲལ་བྱེད་དགོས་པ་མ་གཏོགས་དེ་མིན་གྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་དུས་རབས་ཀྱི་འཕོ་འགྱུར་བཞིན་ཡག་ཐོག་ཡག་བརྩེགས་སུ་འགྲོ་གིན་ཡོད་སྟབས་བློ་སེམས་ལྷོད་ལ་ཕབ་ནས་ཤེས་རིག་གི་ཐང་ཆེན་ཡངས་མོར་སློབ་གཉེར་ལ་བྱ་ངང་པ་པད་མའི་མཚོ་ལ་འཇུག་པ་བཞིན་གཞོལ་རྒྱུ་ལས་གཞན་ཅི་ཡང་མེད། ཁོ་པ་ནི་ཆུང་བྱིས་དུས་ནས་དྲིན་ཆེན་ཉི་མ་འདྲ་བའི་ཕ་མ་གཉིས་ཀྱིས་ཡང་དག་པའི་བཀའ་སློབ་འོག་འཚར་ལོངས་བྱུང་བའི་བུ་ཕྲུག་ཅིག་ཡིན་ཞིང་མི་ལོ་དུ་མ་སློབ་གླིང་གི་ར་བར་ཤེས་ཡོན་གྱི་རྐྱལ་རྩལ་སྦྱོང་བར་བསྐྱོད་པས་བཀྲ་ཤིས་ཀྱི་སེམས་ཁམས་དང་བསམ་བློ་བཅས་ཕྱོགས་གང་ཅིར་སྔར་ལས་ཡར་རྒྱས་ཕྱིན་ཡོད་པ་སྨོས་མེད་རེད། བཀྲ་ཤིས་ཀྱི་གཟུགས་གཏེ་པོ་ཙམ་ལས་མེད་རུང་ཁོ་པར་དཀར་གསལ་ཟླ་བ་དང་མཉམ་པའི་ངོ་གདོང་ཞིག་དང་དྭངས་གཙང་གི་སེམས་རྒྱུད་ཅིག་ཡོད་པས་སློབ་མ་ཚང་མས་ཁོ་ལ་ཡིད་སྨོན་དང་དགའ་པོ་བྱེད་པ་མ་ཟད་བསྟོད་པའི་མཐེ་བོང་ཡང་སྒྲེང་། ཁོ་པ་ནི་འགྲོགས་བདེ་གཤིབ་བདེ་ཅན་གྱི་སློབ་བུ་བཟང་པོ་ཞིག་སྟེ། རྣམ་ཀུན་སྐྱེ་བོ་ཅི་འདྲ་ཞིག་དང་མཉམ་འགྲོགས་བྱས་རུང་དེ་རང་ཉིད་ལས་དམན་པར་སྙམ་ནས་མཐོང་ཆུང་བྱེད་པ་དང་བརྙས་བཅོས་བྱེད་པ་སོགས་ཀྱི་སྤྱོད་ངན་རྩ་བ་ནས་མི་བགྱི། བཀྲ་ཤིས་ལ་ཁྱད་ཆོས་ཤིག་ཡོད་པ་ནི་སློབ་མ་ཡག་ཉེས་སུ་འདྲ་ཞིག་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་རང་ཉིད་ཀྱི་ནུས་པར་དཔག་པའི་རོགས་རམ་བྱེད་རྒྱུར་དགའ་བའི་བླ་མེད་ཀྱི་རང་གཤིས་དེ་ཡིན།

ང་རང་དམའ་རིམ་སློབ་འབྲིང་གི་རྒྱལ་སྒོ་འགྲིམས་པ་ནས་དེ་སྔ་ལས་མང་བའི་གསར་འདྲིས་ཀྱི་སློབ་གྲོགས་དུ་མ་ཞིག་རྙེད་བྱུང་ལ་དེའི་གྲས་སུ་བཀྲ་ཤིས་ཡོད། བཀྲ་ཤིས་ནི་ངའི་དམའ་རིམ་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་ཡིན་སྟབས་དུས་ད་ཆ་ང་གཉིས་ནི་རྒྱུས་མངའ་ཆེ་བའི་བློས་ཐུབ་གྲོགས་པོ་དང་དབྱེར་མ་མཆིས། མི་ཚེའི་ལམ་བཞི་མདོ་ཁ་དང་མཚུངས་པའི་འབྲིང་རྒྱུགས་ཀྱི་དམག་འཐབ་དེ་མཇུག་བསྒྲིལ་རྗེས་སླར་ལས་དབང་བཟང་པོ་ཞིག་གིས་ང་གཉིས་མཉམ་དུ་མཐོ་རིམ་སློབ་འབྲིང་གཅིག་ཏུ་རྒྱུགས་འཕྲོད་པ་མ་ཚད་འཛིན་གྲྭ་གཅིག་ཏུ་སློབ་གཉེར་གྱི་བྱ་བར་གཞོལ་རྒྱུ་བྱུང་བ་ནི་དངོས་གནས་དགའ་སྣང་འོས་པ་ཞིག་རེད་ཨང་། བཀྲ་ཤིས་ནི་ངའི་ངོས་ནས་སྨྲས་ན་སློབ་མ་བཟང་པོ་ཞིག་རེད་སྙམ་གྱིན་ཡོད། རྒྱུ་མཚན་ནི་ངས་ཁོ་རང་ངོ་ཤེས་པ་ནས་བཟུང་ཚུལ་མཐུན་བག་ཡོད་ཅིག་དང་མཐོ་དགེ་བའི་བཤེས་གཉེན་ལ་གུས་ཞབས་ཆེ་ཞིང་མཉམ་སློབ་གྲོགས་ཕན་ཚུན་དབར་རོགས་འདེགས་འཆམ་མཐུན་ཆེ་བའི་ཁར་དམན་རང་ལས་ཆུང་བར་གང་ཤེས་མ་ལུས་པར་འཆད་ནས་ལེགས་ལམ་དུ་འཁྲིད། རང་རང་ན་ཚོད་དང་མཐུན་པའི་ལས་དེ་ཧུར་གྱིས་སྒྲུབ་སྟེ་འབྲེལ་མེད་ཀྱི་དོན་དག་སྣང་མེད་དུ་བསྐྱུར་ཞིང་དྲིན་ཕ་མར་བརྩེ་བ་དུང་བ་ཟབ་པའི་སྐྱེ་བོ་རྩེར་སོན་ཞིག་ཏུ་རིག་པས་ཡིན། མཐོ་རིམ་སློབ་འབྲིང་དུ་སླེབས་པའི་བཀྲ་ཤིས་ནི་དེ་སྔ་དང་ཅུང་མི་འདྲ་སྟེ། ཁོ་པས་ད་ལྟའི་ན་ཚོད་ལས་བརྒལ་བའི་དོན་དག་ལ་མནོ་བསམ་གཏོང་ཞིང་ཐ་ན་ཕོ་མོའི་དབར་གྱི་བརྩེ་བ་བཙུགས་ནས་རང་ལ་འཚམས་པའི་དགའ་མ་ཞིག་འཚོལ་བར་བྱེད་པའི་བསམ་བློ་ཞིག་གིས་རང་ཉིད་མེད་པར་བཟོ་ཞིང་གདའ། གཅིག་བྱས་ན་ཁོ་པ་ད་ལྟའི་གནས་བབས་སུ་ལྷུང་དོན་ནི་དམའ་འབྲིང་གི་དུས་སྐབས་སུ་བཀའ་དྲིན་ཉི་ཟླ་མཚུངས་མེད་ཀྱི་ཕ་མ་གཉིས་འགྲམ་དུ་ཡོད་པས་ཡིན་སྲིད་ལ་ཡང་ངོས་གཞན་ཞིག་ནས་གླེང་ན་ཁོ་པའི་རང་གཅུན་རང་སྡོམ་གྱི་ནུས་པ་ཞན་པས་རང་གིས་རང་ལ་རང་དབང་གི་དུས་ཁོམ་མང་པོ་སྤྲད་པས་ཡིན་སྲིད། བཀྲ་ཤིས་མཐོ་འབྲིང་དུ་སླེབས་རྗེས་ཁོ་པས་རང་ཉིད་ཀྱི་དགའ་ཕྱོགས་དང་བློ་སེམས་མཐུན་པའི་དགའ་མ་ཞིག་འཚོལ་དགོས་སྙམ། ཆ་འཕྲིན་ལག་རྩལ་དར་བའི་དུས་རབས་ཉེར་གཅིག་འདིར་ཁོ་པའི་སེམས་ལ་བསམས་པ་དོན་ཐོག་ཏུ་བྱུང་སྟེ་རང་སློབ་གཉེར་ལ་གཞོལ་སའི་སློབ་ར་ནས་བུ་མོ་མཛེས་སྡུག་ཡི་གར་འོང་བ་ཞིག་དང་ཐུག་འཕྲད་བྱུང་། ཁ་རྒྱུན་དུ“མཛེས་མ་ཐམས་ཅད་མཛེས་མ་མིན། །རང་སེམས་ཤོར་བ་མཛེས་མ་ཡིན། །”ཟེར་བ་བཞིན་ཁོ་པ་རང་ཉིད་ཀྱི་བློ་ལ་བབས་པའི་བུ་མོ་སྟེ་མཚོ་མོ་དང་འཕྲད། དུས་དེ་ནས་བཟུང་ཁོ་པའི་རང་སེམས་དབང་མེད་དུ་མཚོ་མོའི་ཕྱོགས་སུ་ཤོར། ཐེངས་ཤིག་བོད་ཡིག་རྒན་ལགས་ཀྱིས«ལམ་གྱི་ལེའུ»ཞེས་པའི་སློབ་ཚན་དེ་འཁྲིད་སྐབས་སྙན་རྩོམ་ནང་གི་ཚིག་ཕྲེང“འཇིག་རྟེན་གྱི་མཚར་སྡུག་ཁྲོད། རང་ཉིད་ཁ་རོག་གེར་ཚོར་མེད་དུ་ལུས་ཐེངས་རེར། ངས་དེ་ལྟར་རང་ཉིད་ཀྱི་བྲང་ཁར་ལག་ཟུང་གླན་ནས། འགྲམ་ལྕག་ལྟ་བུའི་ཚ་བེར་བེར་གྱི་ཆིག་ལབ་རེ་རེས་རང་ཉིད་གཉོར་ཞིང་བསྐྱངས་པ་ཡིན།”ཞེས་པ་འདི་དམིགས་བཀར་གྱིས་ཚུར་བཏོན་ནས། སློབ་མ་ཚོ། ཁྱོད་ཚོས་སློབ་རའི་ནང་དུ་ད་སྐབས་ཀྱི་ན་ཚོད་ལས་བརྒལ་བའི་བྱ་སྤྱོད་སྤེལ་མེད་ཚེ་རང་རང་གི་བྲང་ཁར་ལག་ཟུང་གླན་ནས་ལག་པ་རྐྱོངས་དང་། ཞེས་གསུངས་དུས་བཀྲ་ཤིས་ཀྱང་སོམ་ཉི་སྤུ་ཙམ་མེད་པར་རྒན་ལགས་ཀྱི་སྐུ་མདུན་དུ་ལག་མཐོན་པོར་བསྒྲེངས་ནས་འདུག འོན་ཀྱང་བཀྲ་ཤིས་ཀྱིས་དེ་ལྟར་རྒན་ལགས་ཀྱི་མདུན་དུ་གནས་སྐབས་ཙམ་ཞིག་གཡོལ་ཐུབ་ཀྱང་ནམ་ཞིག་དོན་དེ་ཚང་མས་ཤེས་སྲིད། སྔོན་གྱི་ངས་ངོ་ཤེས་པའི་བཀྲ་ཤིས་དེ་ད་ལྟ་ཡོངས་སུ་འགྱུར་ལྡོག་ཕྱིན་འདུག

མཚོ་མོ་ངོ་ཤེས་པ་ནས་བཟུང་བཀྲ་ཤིས་ཀྱི་སེམས་ནང་དེ་ནི་ཚེ་སྔོན་ལས་ཀྱི་བཀོད་ཐང་ངམ་ཡང་ན་ལྷད་མེད་ཀྱི་བརྩེ་དུང་ཟེར་བ་རེད་སྙམ་སྟེ། མི་ཚེ་འདིར་མཚོ་མོ་རང་གི་ཚེ་གང་གཏན་གྲོགས་སུ་ཡོང་རེ་བྱས། དུས་དེ་ནས་བཀྲ་ཤིས་ཀྱིས་མཚོ་མོར་རྔན་པ་ལ་སོགས་སྐྱེལ་བ་མ་ཟད་སེམས་ཁུར་ཡང་ཚད་མེད་བྱེད། ཉིན་ཞིག་མཚོ་མོར་ཆམ་ནད་ཕོག་སྟེ་ན་ཟུག་གིས་མནར་སྐབས་བཀྲ་ཤིས་ནི་རང་གི་ཡོད་ཚད་བརླག་པ་བཞིན་སེམས་སྡུག་གིས་ཧོན་ཐོར་ཏེ་སྡོད་སྐབས་ངས་ཁོ་པའི་འགྲམ་དུ་སོང་ནས། གནད་དོན་ཅི་ཞིག་འཕྲད་བྱུང་ངམ། ཞེས་དྲིས་པས་ཁོས་ཇི་མ་ཇི་བཞིན་དུ་བཤད། སྐབས་དེར་ངས་ཁོ་པར། རང་གིས་ད་ལྟའི་དུས་སུ་དེ་འདྲ་མ་བྱེད། གལ་སྲིད་ཉིན་ཞིག་སོ་སོ་རང་ཉིད་ན་ཟུག་གིས་མནར་སྐབས་ཁོ་མོས་སེམས་ཁུར་བྱེད་སྲིད་དམ། ཞེས་བརྗོད་པས་བཀྲ་ཤིས་ཀྱིས་ང་ལ། གལ་སྲིད་རང་གི་ཨ་མ་དེ་ལྟར་ན་ཚེ་སེམས་མི་སྐྱོ་འམ། ཞེས་དྲིས། ངས་དེ་མ་ཉིད་དུ། ཨ་མ་དང་མཚོ་མོ་གཉིས་འདྲ་འམ། ཞེས་བརྗོད་པ་ན་ཁོ་པ་འུ་ཐུག་ཐབས་ཟད་དུ་གྱུར་ཏེ། ད་ངས་ཁྱོད་ལ་ཤོད་འདོད་པ་མི་འདུག ཅེས་ཟེར་ཞིང་ངར་ཁ་ཡ་མ་བྱས་པར་ཁོ་པ་གཅིག་པུར་བསྡད། ད་གཟོད་བཀྲ་ཤིས་ལ་བརྗོད་ན་མཚོ་མོས་ཁོའི་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག་སྟེ་ཁོ་མོ་ནི་རང་གི་མི་ཚེའི་ལམ་བུའི་ཁྲོད་ནམ་ཡང་བྲལ་མི་ཕོད་པའི་སྐྱེ་བོ་ཞིག་ཏུ་གྱུར་ཟིན་པ་འདྲ། མཚོ་མོ་མིག་ལམ་དུ་འཆར་ཐེངས་རེར་ཁོའི་སྣང་ངོར་གསར་བཞད་ཟིལ་པ་ཁྲུམ་ཁྲུམ་གྱི་མེ་ཏོག་ཅིག་དང་འདྲ་བར་ལྷག་ཏུ་མཛེས། དེ་ལྟར་བཀྲ་ཤིས་ཀྱི་སེམས་པ་རང་དགོས་སློབ་སྦྱོང་ཐོག་ཏུ་མ་གནས་པར་དྲི་ཞིམ་མེ་ཏོག་ལ་འཁོར་བའི་བུང་བའམ་ཕྱེ་ལེབ་ཅིག་དང་འདྲ་བར་རྟག་ཏུ་མཚོ་མོའི་ཕྱོགས་སུ་ཡང་ནས་ཡང་དུ་ཤོར། བཀྲ་ཤིས་ལ་དམིགས་ན་མཚོ་མོ་མིག་མདུན་དུ་མཐོང་དུས། གྲང་ངར་འཁྱགས་རྡོག་ལ་འགྲིལ་བའི་དགུན་དུས་ཀྱང་མིག་ལ་མཛེས་ཤིང་ནམ་ཡང་ཡིད་དུ་འོང་བའི་དཔྱིད་དུས་ཤིག་དང་མཉམ། ཁོ་མོ་མཐོང་སར་མེད་དུས་དྲོ་གྲང་སྙོམས་ལ་རྩི་ཤིང་མེ་ཏོག་གིས་རབ་ཏུ་བརྒྱན་པའི་དབྱར་དུས་དེའང་གསོན་ཉམས་མེད་པའི་དགུན་གཞུང་རིང་མོ་ཞིག་ཏུ་ཟད། དེ་ལྟར་ཉིན་མཚན་དུས་དྲུག་སྐབས་དང་དུས་མེད་པར་ཁོའི་བློ་སེམས་ཀྱི་འཆིང་ཐག་ཞགས་པས་འཐེན་བཞིན་མཚོ་མོའི་ཕྱོགས་སུ་རང་དབང་མེད་པར་ཤོར།

ཁོ་པའི་ངོས་ནས་བརྗོད་ན། དཔྱིད་རླུང་བུ་ལྡང་ཞིང་དབྱར་མེ་ཏོག་བཞད་པ། སྟོན་སེར་བ་འབབ་པ། དགུན་གྲང་ངར་ལྡང་བ་བཅས་ནམ་ཟླ་བཞི་ཡི་དུས་གང་ཞིག་ཡིན་རུང་ཁོའི་མིག་ལམ་དུ་མཚོ་མོའི་བཞིན་རས་དང་། ཐོས་འཛིན་གྱི་བུ་གར་ཁོ་མོའི་གསུང་སྐད། སེམས་སུ་དོན་སྙིང་དང་ལྡན་པའི་ཚིག་རྣམས་ལས་གཞན་ཅི་ཡང་མི་འཆར། གཅིག་བྱས་ན་ཁོའི་ལྷག་བསམ་བཅོས་མིན་གྱི་བརྩེ་བ་དེས་མོ་ལ་སེམས་འགུལ་ཐེབས་ནས་མོས་ཁོ་རང་གི་འདུན་པ་དང་ལེན་བྱེད་སྲིད། བཀྲ་ཤིས་ནི་བརྩེ་དུང་གི་རྒྱ་མཚོར་ལྷུང་ནས་མཚོ་མོའི་ཞལ་བསིལ་ཅན་དེ་མཇལ་མ་ཐག་སེམས་སུ་བརྩེ་བའི་ཀུ་མུད་ཀྱི་ཞལ་ཁ་ཡོངས་སུ་རྫོགས་པར་ཕྱེས་ཤིང་། ནམ་ཉིན་ཀུན་ཏུ་འདྲེན་བྱེད་ལམ་དུ་འཆར་རྒྱུ་དང་སེམས་ཀྱི་ངོས་སུ་དྲན་རྒྱུ་ཡང་ཁོ་མོའི་ཆུ་སྐྱེས་པདྨ་ལྟ་བུའི་མཛེས་ཞལ་ཁོ་ན་ལས་མེད། གནའ་མིའི་གཏམ་ལས་“རང་ཉིད་རང་གི་མགོན་ཡིན་ཏེ། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །”ཞེས་གསུངས་ཀྱང་བཀྲ་ཤིས་ཀྱི་བློ་རིག་དྲན་ངོགས་ཁྲོད་དེ་ལྟར་ཡིན་པ་མི་ཤེས་པ་མ་ཟད་རང་ཉིད་དམིགས་ཡུལ་ཅི་ཞིག་གི་ཆེད་དུ་ཡོང་མིན་ཆ་མི་འཚལ་ལོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博