འདི་ནི་སྙེ་མོའི་གྲོག་རོང་ཆེན་པོའི་ཐོན་པ་བོད་སྤོས་འབྱུང་ཁུངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་གཉེར་བའི་རྣམ་པ་ཡིན།
སྙེ་མོའི་བོད་སྤོས་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་སྙེ་མོའི་རིག་གནས་ཀྱི་སྙིང་བཅུད་དང་དགེ་མཚན་ལྡན་པའི་རང་བྱུང་ཐོན་ཁུངས་འོས་སྦྱོར་བྱེད་ཆེད། ཉེ་ཆར“སྙེ་མོའི་གྲོག་རོང་ཆེན་པོ•ཐོན་པ་བོད་སྤོས་འབྱུང་ཁུངས”སྐབས་གསུམ་པའི་བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྙེ་མོ་རྫོང་ཐོན་པ་མཛེས་ལྗོངས་ཁུལ་དུ་གཉེར་བ་རེད།
ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྔ་རྗེས་སུ་སྙེ་མོ་རྫོང་གིས“མ་ཅང་ཤང་•གངས་རིའི་འོག་གི་རྟ་རྒྱུག་དུས་ཆེན”དང་། རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན། རིག་གནས་ཉམས་ལེན་ཉིན་མོའི་བྱེད་སྒོ། ཤུལ་བཞག་མིན་པའི་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་། ཁྱད་ལྡན་ཟས་ཞིམ་ཁྲོམ་གཞུང་བཅས་བྱེད་སྒོ་ཁག་5གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་རས་གུར་འགྲེམས་སྟོན་ཁུལ་གཉེར་ནས་སྙེ་མོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་སྟེགས་བུ་བཙུགས་ནས་སྙེ་མོའི་བོད་སྤོས་དང་། གངས་ལྷ་བོད་ཤོག ཕུ་སུང་རྐོས་མ་དང་སྙེ་བྲིས་ཡིག་གཟུགས། བོད་རྔ། བོད་ལྷམ། གདོང་འབག་དཀར་པོའི་ལྷ་མོ། སྙེ་མོའི་དར་ལུགས། ལག་བཟོས་འཇིམ་སྐུ་དང་ཕེང་ཀང་རྫ་སྣོད་ལས་གྲུབ་པའི་སྙེ་མོ“མཛེས་སྡུག་གསུམ་དང་རྩལ་བདུན”གྱིས་ཚོང་པ་འབོར་ཆེན་ཞིག་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱེད་པར་ཡོང་བའི་ཡིད་དབང་བཀུག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་ཡུལ་སྐོར་དུས་ཆེན་རིང་ཐོན་པ་གནའ་བོའི་གྲོང་རྡལ་གྱི་ཆུ་འཐག་ལམ་རྒྱུད་དུ་ངལ་གསོ་རྒྱག་སའི་ས་ཚིགས་6བཙུགས་ཡོད་པ་དང་། ཡུལ་སྐོར་བས་སྙེ་མོ་ཡི་སྲོལ་རྒྱུན་རིག་གནས་ལ་ལྟ་སྐོར་དང་ཉམས་ལེན་བྱེད་པ་དང་འབྲེལ་སྙེ་མོ་ཡི་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་པོ་ཡང་ལེན་ཆོག་གི་ཡོད་པ་རེད།
སྙེ་མོ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་མགྱོགས་སུ་བཏང་ནས། རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ་བརྒྱུད་བོད་སྤོས་དང་བོད་ཤོག་སོགས་ཀྱིས་བཟོས་པའི་ཡུལ་སྐོར་ཐོན་རྫས་བཏོན་ནས་ཁྱད་ཆོས་ལྡན་པའི་སྙེ་མོའི་རང་བྱུང་གྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལས་ཡུལ་སྐོར་བ་མང་ཉུང་ཞིག་གི་ཡིད་དབང་བཀུག་ཡོད་ཅེས་བཤད།
ལྟ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་ཀྲའོ་ལགས་ཀྱིས་དྲ་ཐོག་ནས་དེ་གར་དུས་ཆེན་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་མཐོང་བྱུང་བས་ངས་ཁྱིམ་མི་ཁྲིད་ནས་གྰ་ཐོ་འགོད་པར་ཡོང་ནས་སྙེ་མོའི་མངོན་མིན་རིག་གནས་ཤུལ་བཞག་ལ་ཉམས་ཞིབ་བྱེད་པ་དང་། རྐང་ཐང་དུ་བསྐྱོད་སྐབས་ཐུན་མོང་མ་ཡིན་པའི་སྙེ་མོའི་བོད་སྤོས་ཀྱི་དྲི་ཞིམ་ལས་ཡིད་དབང་རབ་ཏུ་འཕྲོག་བྱུང་ཅེས་བཤད།
བསོད་བསྟན་གྱིས་བསྒྱུར།