གསར་འགོད་པས“ལམ་གཉིས”(ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་)རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་70འཁོར་བའི་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། 1953ལོ་ནས་2023ལོའི་བར་རྒྱལ་ཁབ་ཀྱིས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3250.96བཏང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ནོར་སྲིད་པུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་འོག་བོད་ཀྱི་གཞུང་ལམ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་དང་གྲངས་ཚད་དུས་མཉམ་དུ་འཕེལ་རྒྱས་བྱུང་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་བོད་དུ་ལྷ་ས་ལྟེ་བར་བྱས་ཏེ་ནང་ཁུལ་སི་ཁྲོན་དང་། ཡུན་ནན། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་ཕྱི་འབྲེལ་ནེ་པ་ལ་དང་འབྲེལ་མཐུད་བྱེད་པའི་གཞུང་ལམ་བགྲོད་ལམ་ཆེན་པོ་བསྐྲུན་ཡོད་པ་མ་ཟད། ད་དུང་ཉིང་ཁྲི་ནས་ལྷ་ས་བར་དང་། ནག་ཆུ་ནས་ལྷ་ས། ལྷ་ས་ནས་གཞིས་རྩེ་བར་སོགས་རིམ་པ་མཐོ་བའི་(མྱུར་བགྲོད་)གཞུང་ལམ་བསྐྲུན་ཡོད་པ་དང་། ཆབ་མདོ་དང་མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་གྱིས་རིམ་པ་མཐོ་བའི་གཞུང་ལམ་སྐྲུན་བཞིན་ཡོད། ལྗོངས་ཡོངས་སུ“གཞུང་བཞི་འཕྲེད་གསུམ་བགྲོད་ལམ་བརྒྱད”ཀྱི་གཞུང་ལམ་དྲ་བའི་རུས་སྒྲོམ་གཙོ་བོ་རགས་ཙམ་བསྐྲུན་པ་དང“གྲོང་ཁྱེར་ལྔ་དང་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ”གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་ཆགས་པ་དང་། 2023ལོའི་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.3ཟིན་པ་དང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་ཤར་གཏོང་ཐུབ་ཚད་95.55%དང་82.6%སོ་སོར་ཟིན་ཡོད། “གྲོང་གསེབ་ཀྱི་ལམ་བཟང་བཞི”(བསྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ།)འཛུགས་སྐྲུན་བྱེད་རིང་རིམ་རྩིས་བྱས་ན་ཞིང་འབྲོག་པ་མི་ཐེངས་ཁྲི་7.5ལྷག་ཙམ་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་21བྱུང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའུ་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་ཟླ་བ་དངོས་སྒྲུབ་ཀྱིས་ལྕགས་ལམ་ཐད་ལྷ་ས་དང་། ལྷོ་ཁ། ནག་ཆུ། གཞིས་རྩེ། ཉིང་ཁྲི་བཅས་སུ་མ་ལམ་ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་རང་སྐྱོང་ལྗོངས་ཀྱི་ལྕགས་ལམ་འཁོར་སྐྱོད་ལམ་ཚད་མིག་སྔར་སྤྱི་ལེ་1187.8ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། འདི་ལོའི་ཟླ་6ཚེས་30ཉིན་བར་མཚོ་བོད་ལྕགས་ལམ་ལ་རིམ་རྩིས་བྱས་ན་བོད་ནས་འགྲོ་འོང་བྱེད་པའི་འགྲུལ་པ་མི་ཐེངས་ཁྲི་3688.5དང་བོད་ནས་འགྲོ་འོང་བྱེད་པའི་དངོས་ཟོག་ཏུན་ཁྲི་8775.1དབོར་ཡོད། ལྷ་ས་ནས་གཞིས་རྩེའི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1406.2དབོར་བ་དང་དངོས་ཟོག་ཏུན་ཁྲི་516.4དབོར་བ། ལྷ་ས་ནས་ཉིང་ཁྲིའི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་303.6དང་དངོས་ཟོག་ཏུན་ཁྲི་78.3དབོར་འདྲེན་བྱས་ཡོད་པ་རེད།
མིག་སྔའི་བར་བོད་ལ་གནམ་ཐང་8དང་མཁའ་འགྲུལ་ས་ཚིགས་10རྒྱུག་ལམ་10བཅས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། མཁའ་འགྲུལ་ཀུང་སི་11མཁའ་ལམ་173མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་74ཉིན་ལྟར་འཕུར་འབབ་དུས་གཏན་གནམ་གྲུ་220ཟིན་པ། ལོ་རེར་འགྲུལ་པ་མི་ཐེངས་ཁྲི་700ཟིན་པ། ལོ་རེར་སྦྲག་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི་4.69ཟིན་ཡོད་པ་རེད། གནམ་ཐང་1དང་ཡན་ལག་7བཀོད་སྒྲིག་བྱས་ནས་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་གཙོ་བོ་དང་དེ་བཞིན་ནེ་པ་ལའི་ཀ་ཏ་མན་རྡུའི་མཁའ་ལམ་དྲ་རྒྱ་ཁྱབ་པ་རེད། ལྷ་ས་ནས་ཐོན་ཏེ་ཉིན་གཅིག་གི་ནང་རྒྱལ་ཡོངས་སུ་ཤར་གཏོང་ཐུབ་ཀྱི་ཡོད། གླེང་རིན་ཡོད་པ་ཞིག་ལ་ཉེ་ཆར་ལྷ་ས་གོང་དཀར་གནམ་ཐང་གི་མིང་དེ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་བསྒྱུར་ཡོད་པ་བཅས་རེད།
བསོད་བསྟན་གྱིས་བསྒྱུར།