ཉིན་ཤས་གོང་ཐུན་མོང་མ་ཡིན་པའི་ཤེས་ལྡན་མི་སྣའི་འགྲན་བསྡུར་བྱེད་སྒོ་རེ་རེ་བཞིན་ལྷ་སར་སྤེལ་ནས་སློབ་མའི་དབྱར་ཁའི་གུང་གསེང་གི་འཚོ་བར་གསོན་ཤུགས་མི་ཉུང་བ་ཞིག་སྤྲད་ཡོད།
2024ལོའི་ཤིན་ཧའེ་བུམ་པའི་འགྲན་བསྡུར་བོད་ལྗོངས་ལྷ་སའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཡུལ་དུ། ལྗོངས་ཡོངས་ནས་ཡོང་བའི་བདམས་ཐོན་པ་126གར་སྟེགས་སུ་བསྐྱོད་དེ་འཁྲབ་སྟོན་བྱས་པས་མཛེས་སྡུག་ལྡན་པའི་སྒྲ་དབྱངས་དང་འཁྲབ་སྟོན་ལ་དཔྱད་འདེམས་པ་དང་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཤིན་ཧའེ་བུམ་པའི་འགྲན་བསྡུར་”ནི་ཀྲུང་དབྱང་རོལ་དབྱངས་སློབ་གླིང་དང་། རྒྱལ་ཁབ་ཟློས་གར་ཁང་ཆེན་མོ། དེ་བཞིན་པེ་ཅིང་ཤིན་ཧའེ་ཀང་ཆིན་ཚོགས་པ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེ་ནི་རྒྱལ་ནང་གི་ལོ་རྒྱུས་རིང་ཤོས་དང་། ཤུགས་རྐྱེན་ཆེ་ཤོས། དབང་གྲགས་ཆེ་ཤོས། ཁྱབ་རྒྱ་ཆེ་ཤོས་ཀྱི་ལོ་ཆུང་བྱིས་པའི་ཀང་ཆིན་འགྲན་བསྡུར་ཡིན་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་གྱི་དབང་གྲགས་རང་བཞིན་དེ་བས་ལེགས་པ་མངོན་ཆེད། ལྷ་སའི་འགྲན་བསྡུར་ཁུལ་གྱིས་དཔྱད་འདེམས་པ་མང་པོ་གདན་དྲངས་ནས་འགྲན་བསྡུར་ནང་ཞུགས་མཁན་གྱི་དཀྲོལ་གཏོང་ལ་དཔྱད་བསྡུར་དང་མཛུབ་ཁྲིད་ཀྱི་གྲོས་འགོ་བཏོན་པ་རེད།
2024ལོའི་“སྐབས་བརྒྱད་པའི་ཀྲུང་གོའི་རྔ་རྩལ་པ་ཡག་པོ”སྒྱུ་རྩལ་དུས་ཆེན་གྱི་འགྲན་བསྡུར་བོད་ལྗོངས་ལྷ་སའི་འགྲན་བསྡུར་བྱེད་སྒོ་སྤེལ་ཡུལ་དུ་ལྗོངས་ཡོངས་ནས་ཡོང་བའི་རྔ་རྩལ་པ་ཆུང་ཆུང་60ཙམ་གྱིས་གར་སྟེགས་སུ་རྔ་སྒྲོམ་གྱི་རོལ་དབྱངས་དཀྲོལ་བས། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ལི་ཅིའུ་དབྱིས“ད་ཐེངས་ཀྱི་གྲུབ་འབྲས་སྔོན་དཔག་ལྟར་བྱུང་མེད་ཀྱང་ཆེད་ལས་དགེ་རྒན་མང་པོ་ཞིག་གི་མཛུབ་ཁྲིད་ཐོབ་པས་ད་ཐེངས་ཀྱི་འགྲུལ་བཞུད་དེ་རིན་ཐང་མེད་པ་ཞིག་མ་རེད་སྙམ”ཞེས་བཤད།
2024ལོའི་“ཞབས་བྲོའི་རླུང་འབྱུར”གཞོན་ནུ་ལོ་ཆུང་སྒྱུ་རྩལ་འགྲེམས་སྟོན་བོད་ལྗོངས་ཁུལ་གྱི་འགྲན་བསྡུར་འགྲན་རར་ལྗོངས་ཡོངས་ནས་ཡོང་བའི་བདམས་ཐོན་པ་ཆུང་ཆུང་500ལྷག་ཙམ་གྱིས་གྱོན་གོས་ཡག་པོ་གྱོན་ནས། ཞབས་བྲོའི་ཐབས་རྩལ་བྱང་ཆུབ་པ་དང་ཆབས་ཅིག་ཞབས་བྲོའི་ཁྲོད་རང་ཉིད་ཀྱི་བརྩེ་དུང་ཡང་འདྲེས་པས་གསོན་ཤུགས་ཀྱིས་ཁེངས་ཏེ་ཆེད་ལས་ཀྱི་བྱང་ཚད་ཧ་ཅང་མཐོན་པོ་མངོན་ཡོད།
འགྲན་བསྡུར་གཙོ་གཉེར་ཕྱོགས་ཀྱི་འགན་འཁུར་བ་ལི་ཧུང་མེ་ཡིས་འགྲན་བསྡུར་དེ་དག་བརྒྱུད་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་རྣམས་ལ་རང་ཉིད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་། དགའ་ཕྱོགས་གསོ་སྐྱོང་། བོད་ཀྱི་མཛེས་རིག་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
བསོད་བསྟན་གྱིས་བསྒྱུར།