བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་གིས་རྩོམ་སྒྲིག་ལས་གཉེར་མི་སྣའི་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་སློབ་སྦྱོང་དང་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་གཏོང་བ། ཆབ་སྲིད་ཀྱི་བརྡ་ཆད་ཚད་ལྡན་ངང་སྤྱོད་པའི་ནུས་པ་ཡར་རྒྱས་སུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་གིས་བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཙེང་ཡན་གདན་དྲངས་ནས་གསར་འགྱུར་རྩོམ་སྒྲིག་གི་ཆེད་དོན་ལས་སྒོའི་གསོ་སྦྱོང་གཉེར་བ་རེད། བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་གི་རྩོམ་སྒྲིག་མི་སྣ་ཡོངས་ད་ཐེངས་ཀྱི་གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་པ་རེད།
ཙེང་ཡན་གྱིས་རྒྱུན་དུ་ཆབ་སྲིད་ཀྱི་བརྡ་ཆད་ཚད་ལྡན་དུ་ལུང་འདྲེན་བྱེད་པ་དང་གསར་འགྱུར་རྩོམ་སྒྲིག་སྐབས་ནོར་སླ་བའི་ཆབ་སྲིད་ཀྱི་བརྡ་ཆད་ཕྱོགས་བསྡུས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གི་ནོར་སླ་བའི་བརྡ་ཆད་ཞིབ་བཤད། རྩོམ་སྒྲིག་ནང་ནོར་སླ་བའི་ཆེད་ལས་ཀྱི་བརྡ་ཆད་ཀྱི་གྱོད་དཔེ་10ཙམ་དང་། དེ་བཞིན་ཚེག་རྟགས་ཚད་ལྡན་དུ་བེད་སྤྱོད་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲེལ་བཤད་གནང་བ་རེད།
ཙེང་ཡན་གྱིས་ “གསར་འགྱུར་ལས་དོན་པ་རྣམས་ཀྱིས་ཡི་གེ་ནི་མཚོན་ཆ་ཞིག་ཡིན་པས་ཚང་མས་ཡི་གེའི་ཐ་སྙད་ལ་བསམ་གཞིག་ནན་ཏན་བྱས་ནས་ཡི་གེའི་རྨང་གཞི་ཡག་པོ་བཏིང་ནས་འབྲི་མཁས་པར་སྦྱོང་བརྡར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གསར་འགྱུར་ལས་དོན་གྱི་ལས་འགན་ལག་ལེན་བྱེད་དགོས”ཞེས་གསུངས།
ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་ཤིང་གཉེར་སྤྱོད་རང་བཞིན་ལྡན་པ། རྗེས་སུ་རྩོམ་སྒྲིག་ལས་དོན་ཁྲོད་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་དམ་འཛིན་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་གསར་འགྱུར་འདུ་ཤེས་འཛུགས་པ་དང་། གསར་འགྱུར་ལས་རིགས་ཀྱི་སྙིང་སྟོབས་དང་ལས་རིགས་ཀུན་སྤྱོད་བརྩི་སྲུང་ནན་པོ་བྱེད་པ་བཅས་བྱས་ཏེ། རང་རྟོགས་ངང་ཏང་གི་སྲིད་ཇུས་ཁྱབ་སྤེལ་མཁན་བྱས་ནས། དེ་བས་ལེགས་པའི་སྒོ་ནས་དུས་རབས་གསར་པའི་གསར་འགྱུར་མཁན་ལ་སྤྲད་པའི་འོས་འགན་དང་ལས་འགན་འཁུར་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།