西藏青年报藏文版གལ་ཆེའི་གསར་འགྱུར། ལག་རྩལ་ལ་བརྟེན་ནས་ཡུལ་མི་རྣམས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ། བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་གིས་གསར་འགྱུར་རྩོམ་སྒྲིག་གི་ལས་སྒོའི་ཆེད་དོན་གསོ་སྐྱོང་སྦྱོང་བརྡར་སྤེལ་བ། རང་ལྗོངས་ཀྱིས་ལོ་ཆུང་བྱིས་པའི་དབྱར་ཁའི་གུང་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

放大 缩小 默认

ལག་རྩལ་ལ་བརྟེན་ནས་ཡུལ་མི་རྣམས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ།

ཆུང་སྐྱིད་ནི་སྦྲ་ཆེན་རྫོང་ཅང་མན་ཤང་ཏོ་པིང་ཐང་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་ཀོ་ཆས་བཟོ་མཁན་གྱི་ལག་ཤེས་བཟོ་རྩལ་པ་ཞིག་ཀྱང་ཡིན། གྲོང་གསེབ་དར་རྒྱས་གཏོང་བའི་ནག་ཆུ་མདུན་སྐྱོད་ཀྱི་བྱེད་སྒོ་སྐབས་གཉིས་པར་ཞུགས་རྗེས་ཁོང་གིས་བརྩམས་ཆོས་སྣ་ཚོགས་མངགས་ཉོ་རྒྱུན་མི་ཆད་པ་རེད། ཉེ་བའི་ལོ་གསུམ་ནང་ཁོང་གི་ཀོ་ཆས་བརྩམས་ཆོས་ལ་ཁེ་ཕན་ཁྲི་30ལྷག་ཙམ་ཟིན་ནས་ཁོང་གི་འཚོ་བར་འགྱུར་ལྡོག་ཕྱིན་ཡོད། འདི་ལོ་གཉེར་བའི་སྐབས་གསུམ་པའི་བྱེད་སྒོའི་ཀོ་ཆས་བཟོ་བའི་གྲོང་ཚོ་རིམ་པའི་འགྲན་བསྡུར་ཁྲོད། ཁོང་གིས་བཟོས་པའི་བོད་ལུགས་ཀྱི་རྒྱབ་ཁུག་དེ་ས་གནས་ས་ཐོག་ཏུ་རིན་གོང་སྒོར་ཁྲི་3.3ཡི་ཐོག་ཉར་ཚགས་བྱེད་མཁན་བྱུང་བ་དང་། ཁོང་གི་དགེ་ཕྲུག་གིས་བཟོས་པའི་བོད་ལུགས་ཀྱི་ཁབ་ཁུག་ཀྱང་སྒོར་1700བྱས་ནས་བཙོངས་ཏེ་ས་གནས་དེ་གའི་“གྲོང་གསེབ་དར་རྒྱས་གཏོང་བའི་ནག་ཆུ་མདུན་སྐྱོད་”བྱེད་སྒོ་བརྒྱུད་གྲུབ་འབྲས་གཞན་སྒྱུར་དང་ཕྱུག་འགྱུར་ཡོང་འབབ་འཕར་བའི་དཔེ་མཚོན་གཅིག་ཏུ་གྱུར་ཡོད།

ཆུང་སྐྱིད་ཀྱི་ལག་ཤེས་དེས་“གྲོང་གསེབ་དར་རྒྱས་གཏོང་བའི་ནག་ཆུ་མདུན་སྐྱོད”བྱེད་སྒོའི་ཁྲོད་ཀྱི་ཆ་ཤས་ཙམ་ཡིན་པ་མ་ཟད་ཞིང་འབྲོག་པའི་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་མ་དངུལ་རོགས་སྐྱོར་དང་། ཐོན་ལས་སྣེ་ཁྲིད། འབྲེལ་ཡོད་གསོ་སྦྱོང་རྟེན་གཞི་དང་གསོ་སྦྱོང་འཛིན་གྲྭ་བཙུགས་པ་བཅས་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་མངོན་འགྱུར་བྱས་ཡོད།

སྦྲ་ཆེན་རྫོང་ཅང་མན་ཤང་ཁྲ་ཆུས་སུང་ཏུའོ་གྲོང་ཚོའི་མང་ཚོགས་དཔའ་ཏིང་“གྲོང་གསེབ་དར་རྒྱས་གཏོང་བའི་ནག་ཆུ་མདུན་སྐྱོད”སྐབས་དང་པོའི་བྱེད་སྒོ་ཡི་རི་མོའི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་པ་རེད། བྱེད་སྒོ་དེ་སྤེལ་བ་ནས་བཟུང་དཔའ་ཏིང་གིས་དཀའ་སྡུག་བཟོད་བསྲན་གྱི་སྙིང་སྟོབས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་འབད་བརྩོན་དང་སྲིད་ཇུས་ཀྱི་རོགས་སྐྱོར་བེད་སྤྱོད་གང་ལེགས་བྱས་ཏེ། ལག་ཤེས་རྩལ་ནུས་རྣམ་གྲངས་སྔོན་ལ་འཕེལ་རྒྱས་བཏང་ནས་མཐའ་འཁོར་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོར་གྱུར་ནས་ཡོང་འབབ་འཕར་བ་བྱེད་ཀྱི་ཡོད་པ་རེད། དཔའ་ཏིང་གིས་མི་རིགས་སྲོལ་རྒྱུན་གྱི་ལག་རྩལ་ཐང་གའི་རི་མོ་རྟེན་གཞི་བཙུགས་པ་དང་འབྲེལ་དམངས་ལ་ཕན་པའི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་གྲོང་གསེབ་དར་རྒྱས་གཏོང་བའི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ཁྲི་120ལོངས་སུ་སྤྱོད་ཐུབ་པས། རིག་གནས་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་250ཟིན་གྱི་ཡོད་པ་དང་མིག་སྔར་ལག་རྩལ་རྒྱུན་འཛིན་བྱེད་མཁན་མི་80ལྷག་ཙམ་ཡོད་པ་དང་ལོ་རེའི་ཡོང་འབབ་སྒོར་ཁྲི་50ཡན་ཟིན་གྱི་ཡོད། དཔའ་ཏིང་གིས“མི་རིགས་སྲོལ་རྒྱུན་གྱི་ལག་རྩལ་ཐང་གའི་རི་མོ”རིགས་མི་འདྲ་བ་9ཡོད་པ་དང་ཐང་གའི་རི་མོའི་ལག་རྩལ་གྱི་དགེ་ཕྲུག་12བསྡུས་ཡོད་པ་བཅས་ལས་ཉེ་འཁོར་གྱི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།

ན་ནིང་དཔའ་ཏིང་ལ་2023ལོའི་སྦྲ་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། ཆེད་ལས་ཀྱི་ཡི་གེ་འབྲི་རྒྱུ་དང་རི་མོའི་རྩལ་ནུས་ལ་མཁས་པས་བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མིར་འོས་སྦྱོར་བྱས་པ་རེད། ཁོང་གིས་དེ་བས་མཐོ་བའི་ཆེད་ལས་ཀྱི་སྟེགས་བུ་བརྒྱུད་ནས་རང་ཉིད་ཀྱི་རི་མོའི་རྩལ་ནུས་སྤྱད་དེ་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་རང་ཉིད་ཀྱིས་ལས་གཏོད་ཡོང་འབབ་འཕར་བ་དང་ཉེ་འཁོར་གྱི་མང་ཚོགས་ལ་སྐུལ་ཁྲིད་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ། ཆུང་ཏི་དང་དཔའ་ཏིང་གིས་ཚབ་བྱེད་པའི་སྦྲ་ཆེན་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མིག་སྔར་སྤེལ་བའི་གྲོང་ཚོ་དང་ཤང་རིམ་པའི་བྱེད་སྒོའི་ཁྲོད། གཅིག་རྗེས་གཉིས་མཐུད་ངང་གྲུབ་འབྲས་མངོན་པ་དང་། ཉམས་འགྱུར་མངོན་པ། ངར་ཤུགས་བསྡུར་བ་བཅས་བྱས་ཏེ། ཆ་རྐྱེན་དང་ངར་ཤུགས་བསྡུར་བ། རྨང་གཞི་དང་འཕེལ་རྒྱས་བསྡུར་བའི་སློབ་སྦྱོང་དང་རྗེས་སྙེག་གི་རྣམ་པ་ཟབ་མོ་ཞིག་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྦྲ་ཆེན་རྫོང་གིས་རྒྱ་ཆེའི་མང་ཚོགས་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་བྱེད་པ་དང་དུས་མཚུངས་ཤེས་ལྡན་མི་སྣ་སྔོག་འདོན་དང་། ལས་སྟེགས་འཛུགས་པ། འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་འབད་བརྩོན་བྱེད་སྒོའི་གྲུབ་འབྲས་ལ་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད། འཐག་སླས་དང་། ཀོ་ཆས། རི་མོ་འབྲི་བ། སྦག་སྦག་ཉམས་གསོ། མ་བྱན་ལག་རྩལ། ཆུ་གློག་ཉམས་གསོ་སོགས་ཆེད་ལས་ལག་རྩལ་མི་སྣ་200ལྷག་ཙམ་སྔོག་འདོན་བྱས་ནས། ཕྱོགས་གཅིག་ནས་རྩལ་ནུས་ཤེས་ལྡན་མི་སྣའི་མཛོད་ནང་བཅུག་ནས་རིམ་ཁག་རྩལ་ནུས་གདན་ཞུའི་བྱེད་སྒོའི་ནང་སྔོན་ལ་འོས་སྦྱོར་བྱས་ཏེ་རྩལ་ནུས་ཤེས་ལྡན་མི་སྣའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་དང་། ཆབས་ཅིག་རྫོང་མི་དམངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སློབ་གསོ་གྲོང་གསེབ་ཏུ་སྤེལ་བའི་རྣམ་པའི་ཐོག་ནས་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་བར་མཐོངས་ཆེ་རུ་གཏོང་བ། མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་ནས་མང་ཚོགས་ཀྱིས་བཀོལ་སྤྱོད་དངོས་སྤྱོད་ལག་རྩལ་ཁོང་དུ་ཆུད་པ་བྱས་ཏེ་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ་རེད།

ཕྱོགས་གཞན་ཞིག་ནས་རིམ་ཁག་བྱ་དགའ་ཐོབ་པའི་མང་ཚོགས་དང་དེ་བཞིན་ཕུལ་བྱུང་རྩལ་ནུས་ཤེས་ལྡན་མི་སྣ་ཁག་གཅིག་སྒྲིག་འཛུགས་བྱས་ནས། འདི་ལོའི་འགྲན་བསྡུར་ནང་ཞུགས་མཁན་མང་ཚོགས་ལ་བྱེད་སྒོའི་རྩལ་ནུས་གསོ་སྦྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་དེ་བས་མང་བ་ཞིག་ལ་ལས་ཞུགས་ཡོང་བ་བྱ་རྒྱུ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明