གང་དང་འགྲོགས་ན་དུག་གསུམ་འཕེལ་གྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་གྱུར་ལ། །བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། ། ཞེས་གསུངས་པ་འདི་ལས་གྲོགས་པོ་རྩ་ཆེན་ཡིན་པ་བསྟན་ཡོད། དེར་བརྟེན་ང་ཚོས་གྲོགས་པོ་སྒྲིག་དུས་ལྷག་པར་དུ་གཟབ་ནན་བྱེད་དགོས།
ང་ཚོ་སློབ་ཆུང་དང་སློབ་འབྲིང་མཐོ་འབྲིང་། སྤྱི་ཚོགས་འཚོ་བ་གང་ཅིའི་ཁྲོད་དུ་གྲོགས་པོ་དང་གྲོགས་མོ་མང་པོ་སྒྲིག་གི་ཡོད། ང་རང་ཡང་ཆ་རེད། དེ་རིང་བཤད་རྒྱུ་ནི་ང་རང་ལྷ་སར་སླེབས་རྗེས་སུ་གྲོགས་མོ་ཆེས་གཙོ་ཆེ་ཤོས་དང་བཟང་ཤོས་བདེ་སྐྱིད་ལགས་ཡིན། གྲོགས་མོ་བདེ་སྐྱིད་ནི་མིག་ཁྲ་སྒོར་སྒོར་ཞིག་དང་སྐྲ་ནག་ཐིང་ཐིང་ཞིག་ཡོད། མོ་རང་གི་ངོ་གདོང་ལ་བོད་རིགས་ཀྱི་ཁྱད་ཆོས་ལྡན། བདེ་སྐྱིད་ཀྱི་སེམས་པ་ནི་ཁ་བ་ལས་དཀར་བ་ཡོད། དུས་རྒྱུན་དུ་ང་རང་གི་སེམས་ནང་གི་སྐད་ཆ་ཆ་ཚང་སྦ་གསང་མེད་པར་མོ་རང་ལ་བཤད་ཀྱི་ཡོད། ང་རང་དམའ་འབྲིང་ནས་བཟུང་ལྷ་ས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ། སྐབས་དེ་དུས་འཛིན་གྲྭའི་ནང་དུ་ཆབ་མདོ་བ་ང་རང་གཅིག་པུ་ཡིན་པ་དང་། སྟབས་མ་ལེགས་པ་ཞིག་ལ་ངས་ལྷ་སའི་སྐད་ཚིག་གཅིག་ཀྱང་མི་གོ ང་རང་སྐད་མི་གོ་བ་དང་སློབ་སྦྱོང་གི་རྗེས་མི་ཟིན་པ་སོགས་དཀའ་ངལ་མང་པོ་འཕྲད། དེ་དུས་སྨག་རུམ་ནང་དུ་བཞུ་མར་སྟེར་མཁན་ལྟ་བུའི་གྲོགས་མོ་བདེ་སྐྱིད་འཕྲད་བྱུང་། མོ་རང་དུས་རྒྱུན་དུ་ང་དང་མཉམ་དུ་འགྲོ་བ་དང་ང་ལ་ལྷ་སའི་སྐད་སློབ་པ། ད་དུང་སློབ་སྦྱོང་གི་ཐད་ལ་རོགས་རམ་མང་པོ་བྱེད་ཀྱི་ཡོད། ང་གཉིས་རྔན་པ་གང་ཡོད་ན་མཉམ་ཟ་མཉམ་འཐུང་བྱེད་ཀྱི་ཡོད། ཐེངས་ཤིག་བོད་ཡིག་ཡིག་ཚད་སྤྲད་སོང་། ང་རང་སྐད་ཡག་པོ་མ་གོ་བ་དང་སློབ་ཚན་ཡག་པོ་མ་གོ་བའི་རྐྱེན་གྱིས་ཡིག་རྒྱུགས་ཡག་པོ་སྤྲད་མེད་པས། གྲོགས་མོ་བདེ་སྐྱིད་ཀྱིས་དེ་ནས་བཟུང་ཉིན་ལྟར་ང་ལ་བོད་ཡིག་གི་དྲི་བ་དྲིས་ལན་ངག་སྐྱོར་རྩིས་ལེན་བྱེད་ཀྱི་ཡོད། དེ་རྗེས་སུ་ཡིག་རྒྱུགས་ལེན་དུས་ངས་ཡིག་རྒྱུགས་ཡག་པོ་སྤྲད་འདུག་པས། བོད་ཡིག་རྒན་ལགས་ཀྱིས་ཀྱང་ལ་བསྟོད་བསྔགས་མང་པོ་བཏང་བྱུང་། ཡང་ཐེངས་ཤིག་ལ་ང་གཉིས་ནང་ལ་ལོག་སྐབས་ལམ་བར་དུ་ཟས་སློང་མཁན་གྱི་རྒན་པོ་ཞིག་དང་རྒན་མོ་ཞིག ད་དུང་ཕྲུ་གུ་ཆུང་ཆུང་ཞིག་འཕྲད་བྱུང་། ངས་དང་པོ་ཁོ་ཚོར་སྒོར་མོ་གཅིག་སྤྲད་དགོས་བསམ་བྱུང་། ཡིན་ནའང་ངའི་སྟོད་ཐུང་གི་ཁུག་མའི་ནང་དུ་སྒོར་ལྔ་མ་གཏོགས་མེད་པས། ཡར་སྟོན་ཙམ་བྱས་ནས་སླར་ཡང་མར་བླུགས་ཏེ་མ་མཐོང་བའི་ཁུལ་བྱས་པ་ཡིན། ང་རང་ཧང་སངས་དགོས་པ་ཞིག་ལ་བདེ་སྐྱིད་ལ་སྒོར་མོ་ལྔ་ཡོད་པ་དེ་ཕངས་སེམས་མེད་པའི་སྒོ་ནས་སྤྲད་སོང་། ང་ངོ་ཚ་ཁ་སྐྱེངས་ནས་སླར་ཡང་སྒོར་ལྔ་དེ་སློང་མོ་བར་སྤྲད་པ་ཡིན། ཁོ་ཚོ་གསུམ་དགའ་ཐག་ཆོད་ནས་ང་གཉིས་ལ་ཐུགས་རྗེ་ཆེ་མང་དག་ཞུས། ང་གཉིས་ཀྱིས་ཁོ་ཚོ་གསུམ་ལ་དྲོ་སྐྱིད་ཀྱིས་ཁེངས་པའི་འཛུམ་མདངས་ཤིག་སྤྲད་ནས་སེམས་པ་དགའ་སྐྱིད་ཀྱི་ངང་ནང་ལ་ལོག
སེམས་བཟང་གི་གྲོགས་མོ་ལགས། ཁྱེད་དང་འཕྲད་པ་ནི་ངའི་བསོད་ནམས་རེད། ཁྱེད་ནི་ངའི་གྲོགས་མོ་བཟང་པོ་ཡིན་པ་མ་ཟད། ངའི་སློབ་སྦྱོང་བྱེད་སའི་སློབ་གྲོགས་ཤིག་ཀྱང་ཡིན། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༣)སྒྲོལ་མ་ཆོས་མཚོ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།