http://zw.xzqnb.cn/Content/weixinlogo.png
གླེང་གཞི། བྱིས་སྐྱོང་ཁང་གི་སློབ་མ་ནི་གསར་དུ་བཞད་པའི་མེ་ཏོག་དང
http://zw.xzqnb.cn/m/content/2024-06/21/000711.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

བྱིས་སྐྱོང་ཁང་སློབ་མའི་རིག་སྒོ་འབྱེད་པའི་ཐབས་ལམ་སྐོར་རགས་ཙམ་གླེང་བ།

རང་ཚོད་མི་ཟིན་པའི་རུས་སྦལ།

༄༅། །གྲོགས་མོ།

等待处理…

བྱིས་སྐྱོང་ཁང་སློབ་མའི་རིག་སྒོ་འབྱེད་པའི་ཐབས་ལམ་སྐོར་རགས་ཙམ་གླེང་བ།

2024年06月21日

གླེང་གཞི།

བྱིས་སྐྱོང་ཁང་གི་སློབ་མ་ནི་གསར་དུ་བཞད་པའི་མེ་ཏོག་དང་འདྲ་སྟེ། ན་ཚོད་སྨིན་སྒང་དང་རིག་སྟོབས་རྒྱས་དུས་ཡིན་པས། རིག་སྒོ་འབྱེད་པའི་ཐབས་སུ་རིག་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་སུ་གྱུར་ཡོད། དེ་བས། གནའ་དེང་ཟུང་སྦྲེལ་གྱིས་སློབ་མའི་ན་ཚོད་དང་འཚམ་པའི་གཏམ་བཤད་དང་རི་མོ། གླུ་གར། ལུས་རྩལ་བཅས་ཀྱི་བྱེད་སྒོའི་རྣམ་གྲངས་གང་མང་སྤེལ་ཏེ། སློབ་མའི་རིག་སྒོ་འབྱེད་པ་སྟེ་སྐྱེས་སྟོབས་ཀྱི་ཤེས་རབ་འཕེལ་བར་བྱེད་དགོས་སོ། །

དང་པོ། གཏམ་བཤད་ལས་སྐྱེད་པའི་སྙིང་སྟོབས།

སློབ་མའི་ན་ཚོད་དང་འཚམ་པའི་གཏམ་བཤད་སྤེལ་དུ་བཅུག་པ་ནི་སྙིང་སྟོབས་སྐྱེད་སྲིང་དང་ཉམས་མྱོང་རྒྱུད་ལ་སྐྱེ་བའི་ཐབས་ལམ་ལེགས་པོ་ཞིག་ཡིན། དེ་ཡང་། སློབ་ཁང་ནང་དུ་རང་ཉིད་ངོ་སྤྲོད་བྱེད་པའི་བྱེད་སྒོ་ཆུང་ངུ་ནས་དབུ་བརྩམས་ཏེ། གཟའ་འཁོར་རེ་རེའི་རྒྱལ་དར་འོག་གི་གཏམ་བཤད་དང་རིག་རྩལ་བྱེད་སྒོའི་ཁྲོད་ཀྱི་གཏམ་བཤད། དེ་དང་མཐུན་པར་དུས་ཆེན་གང་རུང་སྐབས་ཀྱི་གཙོ་སྐྱོང་བ་སོགས་ཀྱི་གར་སྟེགས་བེད་སྤྱད་དེ་སློབ་མར་གཏམ་བཤད་ཀྱི་གོ་སྐབས་བསྐྲུན་པར་བྱའོ། །འཚོ་བ་དངོས་ཀྱི་ནང་དུ་རང་ཉིད་ཀྱིས་ལག་ལེན་བསྟར་བའམ་ཉམས་སུ་བླངས་པ་དག་ལ་ཚོར་བའི་ཆ་ནས་དམིགས་བསལ་དང་བག་ཆགས་ཀྱི་ཆ་ནས་གསལ་པོའམ་བརྟན་པོ་ཡིན་པས། དེ་འབྲེལ་གྱི་ཤེས་བྱ་དག་རྒྱུད་ལ་རང་བཞིན་གྱིས་འབྱོར་བ་ཡིན། དེ་བས། བྱེད་སྒོ་གང་ཡིན་ཡང་སློབ་མ་རང་ཉིད་འཚོ་བ་དངོས་ཀྱི་ནང་དུ་ཞུགས་ཏེ་མྱོང་རོལ་དང་ཉམས་ལེན་བྱེད་པ་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་བ་ཡིན་ནོ། །མ་ཟད། གཏམ་བཤད་ཀྱི་ནང་དོན་ལ་ཞིབ་ཆ་དང་དགེ་མཚན་ཐོན་དགོས་ཏེ། ངག་ནས་འདོན་བདེ་ཞིང་རྒྱུད་ལ་ཤེས་སླ་བའི་ཚིག་གི་སྦྱོར་བ་སྙན་མོ་སྤྱོད་དགོས་པ་ལས། ལོ་དུས་དང་མི་འཚམ་ཞིང་ཤེས་ཚད་ལས་བརྒལ་པའི་ཤེས་བྱའི་ཚོགས་རྣམས་བཀོལ་བ་སྤང་བྱ་ཡིན་ནོ ། །

གཉིས་པ། རི་མོ་ལས་སྐྱེད་པའི་ཤེས་རབ།

རི་མོའི་སྒྱུ་རྩལ་ནི་ལོ་ཆུང་གི་བློ་སྒོ་འབྱེད་པའི་ཐབས་ལམ་ཉག་ཅིག་ཡིན། དེ་ནི་མིག་ཟུང་གིས་ཐད་ཀར་མཐོང་བ་དང་ལག་གིས་ཀྱང་རེག་པར་ཆོག་པས་བྱིས་པའི་སྣང་ངོར་མཚར་སྣང་ལྡན་པ་དང་ཡིད་ལ་འཇགས་སླ་བ། བློར་ངེས་བདེ་བ། དཔེ་འབྲི་སྟབས་བདེ་ཡང་བྱེད་ཐུབ་པའི་ཚོད་དུ་ཡོད། དེ་ལས། རི་ཆུའི་གྲུབ་ཚུལ་དང་སྐྱེ་དངོས་ཀྱི་རྣམ་པ་སོགས་བྲིས་ཏེ་རང་བྱུང་ཁམས་ཀྱི་རྣམ་པ་དང་ཁྱད་ཆོས་ངོས་འཛིན་སོགས་ཀྱི་ཐད་ལ་ཤེས་རབ་འཕེལ་བ་བྱེད་ཅིང་། དེ་དང་མཐུན་པར། མི་སྣའི་སྣང་བརྙན་དང་སྲོག་ཆགས་ཀྱི་སྣང་བརྙན་སོགས་ལས་ཀྱང་ཤེས་རབ་མང་དུ་འཕེལ་བ་ཡིན། ཚད་བཀག་མེད་པའི་རི་མོའི་སྒྱུ་རྩལ་ལས་མངོན་པའི་བསམ་བློ་དང་དེ་ལས་བསྟན་པའི་སྣང་བརྙན་ནི་ལྷད་མེད་པ་དང་ཡ་མཚན་པ་ཞིག་ཡིན་པས། དེ་ལ་ལོ་ཆུང་གི་རིག་སྒོ་འབྱེད་པའི་ལྡེ་མིག་ལྟ་བུའི་ནུས་པ་ལྡན་ཡོད། མ་ཟད། ཚོན་གཞི་སྡེབ་པ་དང་སྦྲགས་ཏེ་ཚོན་མདོག་གི་འགྱུར་བའི་རང་བཞིན་ཡང་ཤེས་པར་གྱུར་བ་སོགས་རི་མོའི་སྒྱུ་རྩལ་ལ་དོ་སྣང་དང་བཅས་ཏེ་རི་མོ་འབྲི་བར་སྐུལ་བ་དང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བ་ནི་རིག་སྒོ་འབྱེད་པའི་ཐབས་མེད་དུ་མི་རུང་བ་ཞིག་ཡིན།

གསུམ་པ། གླུ་གར་ལས་སྐྱེད་པའི་བདེ་སྐྱིད།

གླུ་དང་གར་གྱི་རིག་གནས་ལ་དགེ་མཚན་དང་དབྱེ་བ་མང་དུ་ཡོད་པ་ལས། ལོ་ཆུང་བྱིས་པ་དག་ལ་མཚོན་ན། གླུ་གར་ནི་སྣ་མང་རིག་གནས་ཀྱི་དགའ་ཕྱོགས་དང་ལམ་ཁ་རྙེད་པའི་དབུ་ཁྱུད་དང་སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བའི་རིག་ཚན་ཞིག་ཡིན། དེ་ལས། བྱིས་པའི་ལུས་ཀྱི་སྟངས་སྟབས་ཀྱི་ཉམས་འགྱུར་དང་གདོང་གི་འཛུམ་མདངས་ཀྱི་སྤྲོ་བ་མངོན་པས། དེས་སྦྱིན་པའི་བདེ་སྐྱིད་ནི་ཕུགས་ནས་ཕུགས་སུ་སྐྱིད་པ་ཡིན་ལ། མ་འོངས་སྒྱུ་རྩལ་གྱི་ལམ་བུའི་སྟེང་དུ་ཕུགས་བསམ་གྱི་གཤོག་ཟུང་སྐྱོང་བའི་སྔོན་འགྲོ་ལྟ་བུར་ཡང་ཆགས་ཡོད། དེ་བས། བྱིས་པའི་ན་ཚོད་དང་འཚམ་པའི་གླུ་གར་བདམས་ཏེ་མཛུབ་སྟོན་གྱི་འཆར་གཞི་ངེས་ཅན་བཟོས་ཐོག །གླུ་གར་འབྲེལ་བའི་འཆར་ཅན་གྱི་རིག་རྩལ་བྱེད་སྒོ་སྤེལ་བར་འབད་པ་ཧུར་ལེན་བྱེད་དགོས་སྙམ།

བཞི་པ། ལུས་རྩལ་ལས་སྐྱེད་པའི་བདེ་ཐང་།

གཟུགས་གཞིའི་བདེ་ཐང་ནི་ཡོད་ཚད་ཀྱི་རྩ་བ་དང་སྲོག་ཤིང་ལྟ་བུར་གྱུར་བས་སྐྱེ་བོ་ཡོད་དོ་ཅོག་གིས་བདེ་ཐང་ལ་དོ་སྣང་དང་བཅས་དེ་འབྲེལ་གྱི་ཤེས་བྱ་གང་མང་ཉམས་སུ་ལེན་བཞིན་ཡོད། ལྷག་པར་དུ་བྱིས་པའི་བདེ་ཐང་ཉིད་མི་སྒེར་དང་ཁྱིམ་ཚང་གི་དོ་སྣང་བྱ་ཡུལ་ཙམ་མིན་པར། འཛམ་གླིང་སྤྱི་དང་སྒོས་སུ་རྒྱལ་ཁབ་ཀྱི་ལས་དོན་ཆེས་གལ་འགངས་ཆེ་བ་ཞིག་ཡིན། དེ་ཡང་། ལོ་ཆུང་ནི་མ་འོངས་པའི་རེ་བ་དང་ཕ་གཞིས་ཀྱི་བདག་པོ་ཡིན་པས། ལོ་ཆུང་གི་བདེ་ཐང་ནི་རྒྱལ་ཁབ་ཀྱི་བདེ་ཐང་ལྟ་བུར་ཆགས་ཡོད། དེར་བརྟེན། སྤྱི་ཚོགས་རིང་ལུགས་གསར་པའི་རྒྱུན་འཛིན་བྱེད་མཁན་གྱི་གསར་སྐྱེས་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་ངེད་ཅག་ལ་བླ་ན་མེད་པའི་འགན་འཁྲི་ཡོད་གཤིས། སློབ་རའི་ལུས་རྩལ་རྣམ་གྲངས་ཀྱི་ཚོགས་རྣམས་གོང་རིམ་གྱི་རེ་བ་དང་ཡིག་ཆའི་དགོངས་དོན་བཞིན། མཛུབ་མོས་རི་སྟོན་གྱི་ཚུལ་དུ་ལུས་རྩལ་གྱི་ཤེས་བྱ་ཁོང་དུ་ཆུད་པར་འབད་དགོས་སོ། །དེ་ཡང་། ལུས་རྩལ་གྱི་དགོས་པ་དང་ཉམས་ལེན་ཟུང་སྦྲེལ་གྱི་ཐབས་ལམ་སྤྱད་དེ། སློབ་རའི་ཕྱི་ནང་གི་སྔ་དགོང་གང་གི་སྐབས་སུ་ཡང་ལུས་རྩལ་ལ་རོལ་བ་དང་ལུས་རྩལ་ལ་དགའ་ཞེན། ལུས་རྩལ་ལ་རྒྱུན་འཁྱོངས་བཅས་ཀྱི་འདུ་ཤེས་ཆགས་པར་འབད་པ་བྱའོ། །སློབ་རའི་ནང་དུ་ཉིན་རེ་སློབ་གསེང་ལུས་རྩལ་དང་དྲུག་གཅིག་སོགས་འབྲེལ་ཡོད་ཀྱི་དུས་ཆེན་དམིགས་སུ་བཀར་ཏེ། ལོ་ཆུང་བྱིས་པའི་ལུས་རྩལ་ལ་འཛིན་པའི་རྣམ་འགྱུར་ཇེ་ལེགས་དང་ལུས་རྩལ་རྒྱུན་འཁྱོངས་ཀྱི་འདུ་ཤེས་སྐྱེད་སྲིང་བཅས་ལ་བྱེད་སྒོ་དང་བསླབ་བྱ། སློབ་སྟོན་བཅས་བྱེད་དགོས་སོ། །

མཇུག་བསྡུའི་གཏམ།

ལོ་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར། སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་ནི་བསམ་གྱི་མི་ཁྱབ་པ་ཡིན་ཞིང་། ལྷག་པར་དུ་བྱིས་སྐྱོང་ཁང་གི་སློབ་མ་ཆུང་ཆུང་དག་ལ་མཚོན་ན། རིག་རྩལ་གྱི་བྱེད་སྒོ་ནི་དགའ་ཞེན་སྐྱེད་སླ་བ་དང་ཡིད་ལ་འཇགས་བདེ་བ་སོགས་ཀྱི་ཕན་ཡོན་དུ་མ་དང་ལྡན། དེ་ལས། དཔྱད་རྩོམ་འདིར་གཏམ་བཤད་དང་རི་མོ། གླུ་གར། ལུས་རྩལ་བཅས་ཀྱི་བྱེད་སྒོའི་དགོས་པ་དང་དགེ་མཚན་ནས་གླེང་བསླངས་ཏེ། ད་ཡོད་ཀྱི་སློབ་རའི་བྱེད་སྒོ་དང་ཇི་ལྟར་ཟུང་སྦྲེལ་བྱས་ནས་ལག་ལེན་ནམ་ཉམས་སུ་ལེན་ལུགས་བརྗོད་ཡོད་དེ། རིག་རྩལ་ལས་སྐྱེད་པའི་སྙིང་སྟོབས་དང་ཤེས་རབ། བདེ་སྐྱིད། བདེ་ཐང་བཅས་ཀྱི་སྐོར་བསམ་ཚུལ་ཞུས་སོ། །

ནག་ཆུ་གྲོང་ཁྱེར་སྲིན་པོ་རི་ས་མཐོའི་སྐྱེ་ཁམས་གནས་སྤོ་ས་ཚིགས་བྱིས་སྐྱོང་ཁང་གཉིས་པའི་དགེ་རྒན།

བཀྲ་གཡང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博