མིའི་མི་ཚེ་ནི་དུས་ནམ་ཡིན་ཡང་བདེ་ལེགས་ཤིག་རྩ་བ་ནས་ཡིན་མི་སྲིད་པར་ཕམ་ཁ་དང་བར་ཆད་ནི་གཡོལ་ཐབས་མེད་པ་ཞིག་རེད། ཕམ་ཁ་དང་བར་ཆད་ཀྱིས་སྐབས་རེར་ང་ཚོར་སྡུག་བསྔལ་ཚད་མེད་སྟེར་ངེས། འོན་ཀྱང་དེ་ཡང་མི་ཚེའི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་འགྱུར་སྲིད། དཔེར་ན། རྒྱུགས་ཐེངས་གཅིག་གི་ཕམ་ཁ་དེས་ཁྱེད་རང་དུས་ཡུན་ཐུང་ངུའི་ནང་དུ་སྐྱིད་པོ་མེད་པ་སྲིད་མོད། དེས་རྐྱེན་བྱས་ཏེ་དུས་ཡུན་རིང་པོར་འབད་བརྩོན་ལྷོད་མེད་དང་བརྩོན་པ་ཆེར་བསྐྱེད་བྱེད་པ་དེ་རེད།
མ་འོངས་ཀྱི་ལོ་ཟླའི་ནང་དུ་ཁྱེད་ཀྱིས་དྲན་པ་ནི་རྒྱལ་ཁའི་སྐབས་ཀྱི་དུས་ཐུང་གི་གཟི་བརྗིད་ཡིན་པའི་ངེས་པ་མེད་པར་ཕམ་ཁའི་སྐབས་ཀྱི་སྡུག་བསྔལ་དང་ཕམ་ཁ་བྱུང་རྗེས་ཀྱི་འབད་བརྩོན་བྱེད་པའི་བརྒྱུད་རིམ་དེ་ཡིན་སྲིད། ཕམ་ཁ་མེད་པའི་བརྒྱུད་རིམ་ནི་དོན་སྙིང་གང་ཡང་མེད་ཅིང་བརྒྱུད་རིམ་དེ་ལས་ཐོབ་པའི་རྒྱལ་ཁ་ནི་ཚྭ་མེད་ཀྱི་ཇ་དང་འདྲ། བར་ཆད་ཡོད་པའི་རྒྱལ་ཁ་ནི་ཚ་ཚ་འུར་འུར་ཞིག་ཡིན་ལ་ཡིད་ལ་དྲན་ན་ནམ་ཡང་དེའི་ཆེད་དུ་སྤྲོ་བ་དཔག་མེད་སྐྱེས་སྲིད། སྐྱེ་བོ་ལ་ལས་སྐད་གྲགས་དང་འོད་ཟེར་མེད་པའི་གནས་ཚུལ་འོག་མིའི་རིགས་ཀྱི་འཕོ་འགྱུར་ཆེད་དུ་དཀའ་བ་སྟོང་དང་འབད་པ་བརྒྱ་བྱེད། སྐྱེ་བོ་ལ་ལས་ཚོད་ལྟ་རབ་དང་རིམ་པ་བྱས་ནས་དེའི་ཁྲོད་ཀྱི་ནོར་འཁྲུལ་མཐའ་དག་སེལ་ཏེ་ཞིབ་འཇུག་དེ་ལེགས་འགྲུབ་ཡོང་བར་འབད། དེའི་ཁྲོད་དུ་རང་ཉིད་ལ་རྨས་སྐྱོན་ཆེ་ཆུང་གྲངས་མེད་ཕོག་སྲིད། འོན་ཀྱང་ཁོང་རྣམས་ཀྱིས་སྔར་བཞིན་བློས་གཏོང་མ་གནང་བར་རྒྱུན་འཁྱོངས་ཀྱིས་འབད་བརྩོན་བྱས་མཐར་མི་རྣམས་ཧ་ལས་དགོས་པའི་གྲུབ་འབྲས་ཐོབ། དཔེ་དེས་ང་ཚོར་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པ་ར་སྤྲོད་བྱས་ཡོད།
ཕམ་ཁའི་ཁྲོད་ནས་འཚར་ལོངས་འབྱུང་སྲིད། བར་ཆད་ཀྱི་ཁྲོད་ནས་ཁྱེད་ཀྱིས་འཇིག་རྟེན་གྱི་རྣམ་པ་སྣ་ཚོགས་དེ་མཐོང་ཐུབ་ལ་བར་ཆད་ཀྱི་ཁྲོད་ནས་རང་ཉིད་ཀྱི་སྐྱོན་ཆ་ཤེས་ནས་བསྒྱུར་བཅོས་བྱེད་ཐུབ། མདོར་ན་མི་ཚེའི་ལམ་བུའི་ཁྲོད་དུ་བར་ཆད་ལ་ལས་ཐུན་མོང་མ་ཡིན་པའི་འོད་སྟོང་འཕྲོ་ཞིང་ང་ཚོའི་མདུན་སྐྱོད་ཁ་ཕྱོགས་ལ་མཛུབ་སྟོན་བྱེད་སྲིད་དོ། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༡)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།