ཉེ་ཆར་2024ལོར་ལྗོངས་ཡོངས་ཀྱི་གསར་འགྱུར་འཚོལ་སྡུད་རྩོམ་སྒྲིག་ལས་སྒོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བོད་ལྗོངས་མི་རིགས་སློབ་ཆེན་དུ་བདེ་བླག་ངང་སློབ་མཇུག་འགྲིལ་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་དེ་ཟླ་5ཚེས་26ཉིན་ནས་ཟླ་6ཚེས་4ཉིན་བར་བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་དུ་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། བོད་ལྗོངས་ས་གནས་ཁག་གི་གྲོང་ཁྱེར་ཚགས་པར་ཁང་དང་། བརྙན་འཕྲིན་རླུང་འཕྲིན་ལས་ཁུངས། ཤིན་ཧྭ་དྲ་བ། དྲ་འཕྲིན་གཞུང་དོན་ཁང་། དྲིལ་བསྒྲགས་པུའུ། རླུང་འཕྲིན་གློག་བརྙན་ཅུས། སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སོགས་གསར་འགྱུར་འཚོལ་སྡུད་དང་རྩོམ་སྒྲིག་ལས་སྒོའི་ལས་གཉེར་བ80གསོ་སྦྱོང་ནང་ཞུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་ནི་བོད་ཀྱི་གསར་འགྱུར་བརྒྱུད་སྤེལ་སློབ་གསོ་དང་གསར་འགྱུར་ཞིབ་འཇུག་གི་གསར་གཏོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ལོ་རྒྱུས་ཡར་ཐོན་ཡོང་བར་རྒྱུན་ཆད་མེད་པར་གཞོལ་བཞིན་ཡོད། བོད་ཀྱི་གསར་འགྱུར་བརྒྱུད་སྤེལ་དང་རིག་གནས་བརྒྱུད་སྤེལ། བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་བོད་དུ་ལག་ལེན་བྱེད་པ་སོགས་རིག་གཞུང་ཁྱབ་ཁོངས་སུ་ཤུགས་ཆེའི་གྲུབ་འབྲས་ཐོབ་ནས་བོད་ཀྱི་གསར་འགྱུར་བརྒྱུད་སྤེལ་སློབ་གསོའི་ལྟེ་གནས་དང་། “བོད་བརྒྱུད་སྤེལ་”ཞིབ་འཇུག་ལྟེ་གནས། གྲངས་ཉུང་མི་རིགས་ཀྱི་གསར་འགྱུར་བརྒྱུད་སྤེལ་ཞིབ་འཇུག་གི་གྲོང་རྡལ་གལ་ཆེན་དང་གསར་འགྱུར་གླེང་ཕྱོགས་གསོ་སྦྱོང་སྟེགས་བུ་ཞིག་ཏུ་འགྱུར་བཞིན་ཡོད།
སློབ་གླིང་གིས་ལོ་མང་རིང་གསོག་འཇོག་བྱས་པའི་ལེགས་ཆ་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དང་སློབ་ཁྲིད་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་གྲགས་ཅན་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཐུན་མོང་ཐོག་གྲོས་མོལ་དང་སློབ་ཚན་མ་ལག་མཉམ་དུ་བསྐྲུན་ནས་ད་ཐེངས་ཀྱི་གསོ་སྦྱོང་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད་པ་རེད།
སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་སློབ་མ་ཚོས་ད་ཐེངས་ཀྱི་གསར་འགྱུར་འཚོལ་སྡུད་དང་རྩོམ་སྒྲིག་ལས་སྒོར་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་གསར་འགྱུར་འཚོལ་སྡུད་ཀྱི་རྩོམ་སྒྲིག་ལས་སྒོར་སྔར་བས་ཁྱོན་ཡོངས་དང་གཏིང་ཟབ་པའི་ཤེས་རྟོགས་ཐུབ་ལ། སྨྱན་སྦྱོར་པ་ཞིག་ཡིན་པའི་ངོས་ནས་མཐོང་རྒྱ་སྔར་བས་ཆེ་རུ་ཕྱིན་པ་དང་ལག་ལེན་གྱི་ནུས་པ་ཆེ་རུ་ཕྱིན་པས་གསར་འགྱུར་འཚོལ་སྡུད་དང་རྩོམ་སྒྲིག་ལས་ཀར་བཅངས་པའི་སྤྲོ་སེམས་དང་གསར་གཏོད་ཀྱི་འདུ་ཤེས་ཀྱང་འཕེལ་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།