http://zw.xzqnb.cn/Content/weixinlogo.png
འཛམ་གླིང་ཡང་རྩེར་གནས་པའི་བསིལ་ལྡན་ལྗོངས་ཀྱི་ལྟེ་བའི་གནས་མཆོག
http://zw.xzqnb.cn/m/content/2024-05/31/000674.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །རྟ་བདུན་དབང་པོར་བསྔགས་པ།

༄༅། །བརྩེ་བའི་ཕ་ས་དྲོན་མོ།

ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

ལྷ་སར་བོད་ཀྱི་དངུལ་རྩའི་ཚོང་དོན་ཁུལ་ཐོག་མ་བསྐྲུན་པ།

等待处理…

༄༅། །བརྩེ་བའི་ཕ་ས་དྲོན་མོ།

作者 བསྟན་འཛིན་དབང་མོ།
2024年05月31日

འཛམ་གླིང་ཡང་རྩེར་གནས་པའི་བསིལ་ལྡན་ལྗོངས་ཀྱི་ལྟེ་བའི་གནས་མཆོག་ལྷ་ས་ནས་ལྷོ་ནུབ་མཚམས་སུ་སྤྱི་ལེ་༡༤༠ཙམ་བསྐྱོད་ན། བདེ་ཞིང་འཁོད་ཡངས་པའི་ཞིང་ཐང་ནས་སྙེ་མའི་རྦ་རླབས་ལང་ལོང་དུ་འཕྱུར་བའི་གནས་ཤིག་མིག་ལམ་དུ་འཆར་བ་དེ་ནི་གུས་མོའི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་སྙེ་མོ་ཡིན།

བདག་གི་ཕ་ཡུལ་ནི་མཛེས་ཤིང་འབྱོར་ཕྱུག་ལྡན་པའི་ཞིང་གྲོང་ཞིག་ཡིན། ཕ་ཡུལ་གྱི་ཕུ་རུ་གངས་རི་ཇོ་མོ་གངས་དཀར་འགྱིང་ངེར་གནས་པའི་འོག་རྩ་ཆེའི་སྲོག་ཆགས་གང་དགའ་གང་སྐྱིད་ངང་བག་ཡངས་སུ་འཚོ་ཞིང་ཡོད་པས་ཕ་ཡུལ་གྱི་སྐྱེ་ཁམས་དོ་སྙོམས་ལ་འགངས་ཆེའི་ནུས་པ་འདོན་བཞིན་ཡོད། བར་དུ་སྔོ་ཞིང་འཇམ་པའི་སྤང་ཐང་ཐོག་རྟ་ནོར་ལུག་གསུམ་དང་། འབྲི་གཡག་མཛོ་གསུམ་སོགས་རྩྭ་ཆུར་རོལ་བཞིན་ཡོད་ལ། སྔོ་བསངས་བུ་མོ་ས་ལ་འཕོས་པ་ལྟར་གྱི་རུ་མཚོ་སྔོ་ལྡེམ་མེར་འཁྱིལ་བའི་ནང་ངང་པ་དང་ཆུ་བྱའི་ཚོགས་རྣམས་ཆུར་རྩེན་བཞིན་གནས་པ་མ་ཟད། མཚོ་འགྲམ་གྱི་འདམ་བུའི་ཐོག་ཁྲུང་ཁྲུང་དཀར་མོ་ལ་སོགས་པའི་རྒྱལ་ཁབ་རིམ་པའི་བྱ་རིགས་ཀྱང་གྲངས་ལས་འདས་པ་གང་དགའ་ཅི་བདེར་གནས་འཆའ་ཞིང་ཡོད། མདའ་རུ་ཆུ་ཆེན་ཡར་ཀླུང་གཙང་པོ་ལྷུང་ལྷུང་བཞུར་ཞིང་གཙང་པོའི་གཡས་གཡོན་དུ་གནས་པའི་གནའ་གྲོང་མཁའ་རུ་དང་། ཐོན་མིའི་འཁྲུངས་ཡུལ་ཐོན་པ་གྲོང་ནི་དེ་བས་ཀྱང་མཛེས་སྡུག་ལྡན་པ་སྟེ། ལོ་ངོ་སྟོང་གི་སྟར་སྡོང་དང་། ཁམ་སྡོང་། སྦྱར་པ། རྒྱ་ལྩང་སོགས་ཚང་འཁྲིགས་ཡོད་པའི་སྟེང་བྱ་བྱིའུ་གསུང་སྙན་སྒྲོག་བཞིན་ཡོད་པས་ངོ་མ་སུམ་རྩེན་གནས་དེ་ས་ལ་འཕོས་པ་མིན་ནམ་འཕྱང་མ་ཉུག མདོར་ན། ལྷུན་ཆགས་གངས་རི་དང་ཡར་ཆབ་གཙང་པོའི་བར་ན་སྙེ་མོའི་ཡུལ་དེ་སོས་དལ་བག་ཕེབས་ངང་གནས་ཡོད།

ཕ་ཡུལ་ལ་རིན་ཐང་བྲལ་བའི་དངོས་མིན་རིག་གནས་ཤུལ་བཞག་མི་རིགས་ཀྱི་ལག་རྩལ་ཤིན་ཏུ་མང་པོ་ཡོད་དེ། དཔེར་ན། “སྙེ་མོ་རྩེར་སོན་གསུམ” དུ་གྲགས་པ་སྟེ་ཕུ་གསུམ་གྱི་པར་བརྐོས་དང་། སྨོན་དཀར་གྱི་ལས་ཤོག ཐོན་པའི་བདུག་སྤོས་སོགས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དང་བྱེད་མུས་ཡིན་ལ། ད་དུང་སྔོ་ལྗང་གི་ཟས་རིགས་མར་རྐྱང་གི་ཤ་ཚོན་པོ་དང་། མཁའ་རུའི་སྟར་ཁ། ཁམ་བུ གཉའ་ཡུལ་གྱི་བོད་བྱའི་སྒོ་ང་སོགས་མྱུར་བགྲོད་གཞུང་ལམ་དང་མེ་འཁོར་ལྕགས་ལམ་བརྒྱུད་ནས་ཚོང་འདྲེན་བྱས་པས་ཕ་ཡུལ་གྱི་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།

ཡུལ་གྲུ་འདིར་འཚོ་གནས་བྱེད་པའི་མི་རྣམས་ཀྱི་ཁྲག་རྩར་སློབ་དཔོན་ཐོན་མི་དང་ལོ་ཆེན་བེེ་རོ་ཙ་ནའི་ཟུངས་ཁྲག་རྒྱུ་བཞིན་ཡོད་པས་ན། ཚང་མ་བློ་རྣོ་ཞིང་རིག་པ་གསལ་བ་དང་ཡིད་གཞུང་ཞིང་བརྩོན་འགྲུས་ཆེ་བ། དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པ་ཤ་སྟག་ཡིན་པས། ཁོ་ཚོས་གནའ་བོའི་མེས་པོའི་ཤུལ་བཞག་ལག་རྩལ་དང་རིག་གནས་ལ་དད་པ་དགའ་ཞེན་དང་རྒྱུན་འཛིན་བྱེད་པར་སྤྲོ་ལ། དེང་རབས་ཀྱི་ཚན་རིག་ལག་རྩལ་སོགས་ལ་ཡང་བློ་ཁོག་ཆེན་པོས་དང་ལེན་དང་ཞིབ་འཇུག་བྱེད་པར་ཡང་དགའ།

གུས་མོས་དཔེ་ཆ་ཁྲི་ཕྲག་བཀླགས་ཀྱང་ཕ་ཡུལ་ཁྱེད་ཀྱི་མཛེས་པ་ཀློག་མི་ཚར། གུས་མོ་ཕ་ཡུལ་ནས་བྲལ་ཏེ་ལེ་དབར་ཁྲི་ཕྲག་ལ་སོང་ཡང་ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་མིན་འདུག དེས་ན། གུས་མོས་ཤེས་རབ་ཀྱི་རྟ་ཕོར་བརྩོན་འགྲུས་ལྕག་གིས་སྐུལ་ཏེ་ཤེས་བྱའི་ཐང་ཆེན་དུ་རྒྱུགས་ནས་ཕ་ཡུལ་སྔར་བས་དར་རྒྱས་གོང་འཕེལ་གཏོང་བའི་དམ་བཅའ་རྡོ་བརྐོས་རི་མོ་བཞིན་བཅངས་རྒྱུ་ཡིན་ནོ། །

ལྷ་ས་སློབ་འབྲིང་གཉིས་པའི་ལོ་རིམ༩(༧)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博