འཇིག་རྟེན་འདིའི་ཐོག་གནས་པའི་སེམས་ཅན་ལ་ཕན་པ་ཆེ་ཤོས་སྦྱིན་མཁན་ནི་ཉི་མའི་འོད་ཟེར་ཡིན། དགེ་མཚན་སྟོང་ལྡན་གྱི་ཉི་མ་དེ་ལ་བསྔགས་བརྗོད་མེ་ཏོག་ཆུན་པོ་མི་སྟོར་མཁན་སུ་ཞིག་ཡོད་དམ། །
ཉི་མ་ནི་འཇིག་རྟེན་ཐོག་གི་དངོས་པོ་རླབས་ཆེ་ཤོས་ཤིག་ཡིན། གང་ལགས་ཤེ་ན་ངས་དུས་བཞི་ཡི་རྣམ་པའི་འགྱུར་བ་ལ་བརྟེན་ནས་ཉི་མའི་བྱེད་ནུས་དང་ཕན་པ་བཅས་ངོ་སྤྲོད་བྱེད་རྒྱུ་ཡིན་ནོ། །
དཔྱིད་ཀྱི་དུས་སུ་དཔྱིད་ཀྱི་རྒྱལ་མོས་གསུང་སྙན་སྒྲོག་ནས་ཐམས་ཅད་གཉིད་ལས་བསླངས། རྩྭ་དང་རྩི་ཤིང་ཀུན་ཀྱང་སྔོ་ལྗང་གོས་ཀྱིས་བཀླུབས། སྐྱེ་བོ་ཀུན་ལ་སྲིད་པའི་འཁོར་ལོ་འདིར་ཡོད་ཚད་གསར་པ་དང་རེ་བས་ཁེངས་པ་གང་ཞིག་དགའ་བདེའི་ཚོར་བ་ཞིག་ཀྱང་དབང་མེད་དུ་སྦྱིན། དེ་དག་གི་བཀའ་དྲིན་ཐམས་ཅད་ཉི་མ་ཁྱེད་ལས་བྱུང་། གང་ཡིན་ཟེར་ན་ཉི་མའི་འོད་ཟེར་གྱི་ནོར་འཛིན་ཡོངས་ལ་དྲོ་སྣང་སྦྱིན་པ་མ་ཟད། ཆུ་ངོས་སུ་དར་ཆགས་པའི་འཁྱགས་པ་རྣམས་བཞུར་བ་བཅས་བཀའ་དྲིན་ཆེ་ཤོས་དེ་ནི་ནོར་འཛིན་ཆེན་མོར་དྲོད་བསླེབས་པ་དེ་ཡིན།
དབྱར་ཁ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ནམ་དུས་ཤིག་ཡིན། དབྱར་ཁའི་དུས་སུ་དྲོ་སྐྱིད་ལྡན་པའི་ཉི་འོད་ཀྱིས་ས་གཞི་ཡོངས་སུ་དྲོ་སྣང་ལྡན་པར་འགྱུར་བ་དང་ཆར་ཆུ་བཟང་བ་དང་ཉི་འོད་ལ་བསྟེན་ནས་རྫི་བོ་རྣམས་སྤང་ལྗོངས་དང་མེ་ཏོག་རྣམ་པར་བཀྲ་བའི་རྩྭ་ཐང་སྟེང་དུ་རང་སྣང་གང་འདོད་ཀྱིས་ནོར་ལུག་འཚོ་བཞིན་འདུག
སྟོན་ཁའི་དུས་སུ་ཉི་འོད་རྣམ་པར་བཀྲ་བས་ན་སྔར་གྱི་ལོ་ཏོག་རྣམས་ལ་འབྲས་བཟང་སྨིན་པ་དང་རྩྭ་ཐང་དང་ཞིང་ས་སོགས་སེར་པོར་གྱུར་ཡོད་པ་དེ་ནི་གསེར་གྱི་རྒྱན་ཕྲེང་བཏགས་པའི་བུད་མེད་མཛེས་མ་ཞིག་དང་འདྲ་བའོ། །
དགུན་ཁ་ནི་གྲང་ངར་ཧ་ཅང་ཆེ་བའི་ནམ་དུས་ཤིག་ཡིན། དེའི་སྐབས་སུ་ས་གཞི་ཡོངས་རྫོགས་ཀེ་ལ་ཤ་ཡིས་བསྐོར་ཅིང་གྲང་རླུང་འུར་འུར་དུ་ལྡང་བ་མ་ཟད་ཁ་བ་བུ་ཡུག་ཡང་འཚུབ་། དེ་ནི་ས་གཞི་རི་མོར་གོས་དཀར་གྱིས་རྒྱན་པ་ལྟ་བུར་སྣང་། ལྷ་ས་གྲོང་ཁྱེར་དེ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་འདྲ་བར་འགྱུར། ཞོགས་པ་གངས་རི་སྟུག་པོའི་རྩེ་ནས་དྲོ་སྣང་ལྡན་པའི་ཉི་མ་ཤར་བའི་ཚེ་གོ་ལ་དེ་རིང་པོར་མི་ཐོགས་པར་དྲོ་སྐྱིད་ལྡན་པར་འགྱུར་རོ། །
ཉི་མ་རང་ཉིད་འོད་ཟེར་སྟོང་ལྡན་དུ་འགྱེད་དེ་ས་ཡི་གོ་ལ་འདི་ལ་དྲོ་སྐྱིད་སྦྱིན། ཉི་མས་རང་ཉིད་ཀྱི་འོད་ཟེར་ལ་ཕངས་སེམས་སྤུ་ཙམ་ཡང་མེད་པར་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ་རང་གི་ཡོད་ཚད་སྒེར་སེམས་སྤངས་ཏེ་བློས་བཏང་བྱས་ནས་བདག་ཚོར་ལེགས་སྐྱེས་འབུལ་ལོ། །ཞོགས་པའི་ཉི་གཞོན་གྱིས་འཇིག་རྟེན་འདིའི་སྨག་རུམ་མུན་པ་སེལ་ཕྱིར་ཤར་ཕྱོགས་ལྷུན་པོའི་རྩེ་ནས་འཕགས་ལ་ཉེ་བའི་ཚེ་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་ཐ་ན་དུད་འགྲོའི་ཚོགས་དང་རྩྭ་རྩི་ཤིང་སོགས་ཀྱིས་ཀྱང་མལ་ལས་ལངས་ཏེ་ཉི་མ་ཤར་བ་ལ་སྤྲོ་སྣང་ཚད་མེད་བྱེད།
སྒེར་སེམས་མེད་པའི་ཉི་མའི་གཤིས་རྒྱུད་ལྡན་པའི་དགེ་བའི་བཤེས་གཉེན་ཁྱེད་རྣམས་པས་མི་ཚེ་ཧྲིལ་པོའི་དུས་ཚོད་བེད་སྤྱད་ནས་རང་ཉིད་ཀྱི་མཁྱེན་པའི་ཤེས་བྱ་ཐམས་ཅད་ན་གཞོན་སློབ་མ་རྣམས་ལ་ལེགས་སྐྱེས་སུ་འབུལ་གནང་གི་ཡོད། ཁྱེད་ལ་གསེར་དངུལ་སོགས་ཀྱིས་རིན་ཐང་འཇལ་བར་མི་ནུས་པའི་གཤིས་རྒྱུད་བཟང་པོ་ཞིག་མངའ་བ་སྟེ་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་མཛད་པ་དེ་ཡིན། དེར་བརྟེན་སྙིང་ཁོང་དུ་རྒན་ལགས་རྣམས་ནི་འཇིག་རྟེན་དེའི་ཐོག་ཏུ་ཆེས་མཛེས་ཤོས་དང་ཆེས་རླབས་ཆེ་བའི་མི་སྣ་ཞིག་ཡིན་པས། ཁྱེད་རྣམས་ཀྱིས་བདག་ཚོར་བཀའ་སློབ་གནང་བ་དེ་དག་ངས་རྡོ་ལ་རི་མོ་བརྐོས་པ་བཞིན་སེམས་ལ་བརྟན་པོ་བཅངས་ངེས་ཡིན་ནོ། །
ལྷ་ས་སློབ་འབྲིང་གཉིས་པའི་ལོ་རིམ༩(༦)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་བཀྲ་ཤིས།