བོད་ཀྱི“གློག་ཤུགས་མཁའ་ལམ”སྟེ། མཚོ་བོད་དྲ་སྦྲེལ་ལས་གྲྭའི་ཐད་རྒྱུག་རྒྱས་སྐྲུན་ལས་གྲྭ་ཐོག་མ་དེ་ཉེ་ཆར་སྐྲུན་འགོ་ཚུགས་པ་དང་། དེ་ནི་རང་རྒྱལ་གྱིས་གཉེར་སྐྱོང་བྱེད་འགོ་ཚུགས་ཟིན་པའི་ཐད་རྒྱུག་གློག་གཏོང་ལས་གྲྭའི་རྨང་གཞིའི་ཐོག་སྤེལ་བའི་རྒྱས་སྐྲུན་ལས་གྲྭ་ཐོག་མ་དེ་ཡིན་པ་རེད། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭར་བསྡོམས་མ་དངུལ་སྒོར་དུང་ཕྱུར་26.03བཏང་བ་དང་ལས་གྲྭ་བསྐྲུན་རྗེས་མཚོ་བོད་ཐད་རྒྱུག་གློག་གཏོང་ཚད་མིག་སྔའི་ཆན་ཝ་ཁྲི་60ནས་ཆན་ཝ་ཁྲི་120བར་མང་དུ་འགྲོ་རྒྱུ་ཡིན་པ་རེད།
རྣམ་གྲངས་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་པའི་གློག་སྤྱོད་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། དེ་དང་ཆབས་ཅིག་ལས་གྲྭ་འཛུགས་སྐྲུན་གྱིས་ད་དུང་བོད་ཀྱི་ནུས་རྒྱུ་གཙང་མ་རྗེས་སུ་གཞི་ཁྱོན་དེ་བས་ཆེ་བས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ལྗང་མདོག་གི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་སྔར་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུ་རེད།
མཚོ་བོད་དྲ་སྦྲེལ་ལས་གྲྭ(དུས་ཐེངས་དང་པོ)ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལོ་མང་རིང་ཆགས་པའི་འཁྱགས་ས་རིང་ཤོས་ཀྱི་ཐད་རྒྱུག་གློག་གཏོང་ལས་གྲྭ་ཞིག་རེད། 2011ལོའི་ཟླ་12ཚེས་9ཉིན་ལས་གྲྭ་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པས་བོད་ཀྱི་གློག་དྲ་ཡུན་རིང་ཁེར་རྐྱང་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཏེ་བོད་ཀྱི་གློག་དྲ་དང་རྒྱལ་ཡོངས་ཀྱི་གློག་དྲ་ཆེ་གྲས་མཉམ་སྦྲེལ་མཉམ་མཐུད་ཐེངས་དང་པོ་ཐུབ་ཡོད། 2015ལོར་བོད་ཀྱིས་མཚོ་བོད་དྲ་སྦྲེལ་ལས་གྲྭ་བརྒྱུད་བོད་ཀྱི་གློག་ཤུགས་ཕྱིར་གཏོང་ཐེངས་དང་པོ་བྱས་ཚུན་ནས་2024ལོའི་ཟླ་4པའི་ཟླ་མཇུག་བར། ལས་གྲྭ་དེས་ཕྱོགས་གཉིས་ནས་གློག་ནུས་ཆུ་ཚོད་ཆན་ཝ་དུང་ཕྱུར་200ལྷག་བཏང་བ་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1587ཙམ་ཉུང་དུ་བཏང་བ་དང་གཅིག་མཚུངས་ཡིན་པ་རེད།
བདེ་དབང་དང་སྒྲོན་ལགས་ཀྱིས་བསྒྱུར།