ཉེ་ཆར་གསར་འགོད་པས་ལོ་72ལ་སླེབས་པའི་བགྲེས་སོང་ཚེ་རིང་པད་མོའི་ཁྱིམ་དུ་བསྐྱོད་དེ། བགྲེས་སོང་ཁོང་གིས་བརྗོད་པའི་ས་མཐོའི་ཕྲུ་གུ་སློབ་གྲྭར་འགྲོ་རྒྱུ་མེད་པ་ནས་སློབ་གྲྭར་འགྲོ་རྒྱུ་བྱུང་བའི་བར་དང་དེ་ནས་སློབ་གྲྭ་ཡག་པོར་འགྲོ་རྒྱུ་བྱུང་བའི་བར་གྱི་གཏམ་རྒྱུད་ལ་ཉན་པ་ཡིན།
ཚེ་རིང་པད་མོ་ནི་མི་དམངས་དགེ་རྒན་ཞིག་རེད། 2000ལོར་སྒར་རྫོང་ཆ་ཚང་སློབ་ཆུང(ད་ལྟའི་མངའ་རིས་ས་ཁུལ་ཁུང་ཧྥན་སེན་སློབ་ཆུང)ནས་རྒན་ཡོལ་ཞུས། སློབ་ཁྲིད་མི་སྐྱོང་གི་ལས་ལ་ལོ་བཅུ་ཕྲག་ཁ་ཤས་ཞུགས་པའི་ཁོང་ནི་མངའ་རིས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བ་དངོས་སུ་མྱོང་མཁན་དང་། དཔང་པོ་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་རེད།
བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་གཉིས་པར་སྐྱེས་པའི་ཚེ་རིང་པད་མོས་རང་ཉིད་ནི་བསོད་ནམས་ཆེ་བའི་མི་ཞིག་རེད་བསམ་གྱི་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་མཐར་ཕྱིན་པ་བྱས་ནས་རྒྱ་ཆེའི་ཞིང་བྲན་གྱི་ལུས་ལ་བཅིངས་པའི་ལྕགས་སྒྲོག་གཏོར། དུས་དེ་ནས་བཟུང་མི་སེར་ཚོར་འདྲ་མཉམ་ངང་སློབ་གསོ་དང་ལེན་གྱི་དབང་ཆ་ཐོབ་ཡོད་ལ་རང་ཉིད་ཀྱི་བདག་པོར་གྱུར།
1966ལོར་ཚེ་རིང་པད་མོར་སྒར་རྫོང་མོན་འཚེར་ཤང་སློབ་ཆུང་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། སྐབས་དེར་ཚེ་རིང་པད་མོར་བསམ་ཚུལ་གཅིག་རང་ལས་མེད་པ་སྟེ། ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུ་དེ་རེད།
1970ལོར་ལོ་18ལ་སླེབས་པའི་ཚེ་རིང་པད་མོ་སློབ་གྲྭར་འགྲོ་མྱོང་བ་དང་རིག་གནས་ཡོད་པས། མངའ་རིས་ས་ཁུལ་སྒར་རྫོང་མོན་འཚེར་ཤང་ཐོན་སྐྱེད་རུ་ཁག་གི་རུ་དཔོན་གཞོན་པར་བདམས། ལོ་འདིར་ཁོང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།
“རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་དང་པོ་ནི་ས་གནས་དེ་གའི་ཕྲུ་གུ་ཚོར་སློབ་ཁྲིད་བྱེད་རྒྱུ་དེ་རེད”ཅེས་ཚེ་རིང་པད་མོས་བཤད། སྐབས་དེར་སློབ་ཁང་མེད་པས་སྦྲ་གུར་ནང་དུ་སློབ་ཁྲིད་བྱ་རྒྱུ་ལས་མ་འདས། སློབ་ཚན་ཉན་པར་ཡོང་མཁན་སློབ་མ་མང་བའི་དུས་སུ་བཅུ་གྲངས་དང་ཉུང་བའི་དུས་སུ་བཞི་ལྔ་ལས་མེད། ཚེ་རིང་པད་མོ་སྡོད་ས་དང་སྦྲ་གུར་སློབ་གྲྭའི་དབར་ལ་བར་ཐག་སྤྱི་ལེ་10ལྷག་ཙམ་ཡོད་ཅིང་། སློབ་ཚན་ཚོགས་རིམ་བཞིན་ཁོང་རང་ཉིད་ཀྱིས་སྤྱི་ལེ་བཅུ་གྲངས་ས་ནས་ནག་པང་དང་སློབ་དེབ་ཁུར་ཡོང་དགོས་ཀྱི་ཡོད།
1974ལོར་ལོ་22ལ་སླེབས་པའི་ཚེ་རིང་པད་མོ་དགེ་འོས་སློབ་གྲྭར་ལོ་གསུམ་ཟབ་སྦྱོང་དུ་བསྐྱོད། དེ་ནས་མངའ་རིས་ལ་ལོག་རྗེས་སྒར་རྫོང་གི་སློབ་འབྲིང་གཅིག་པུ་དེར་རྩིས་རིག་དང་བོད་ཡིག་དགེ་རྒན་གྱི་འགན་ཁུར།
“སྦྲ་གུར་སློབ་གྲྭ་དང་བསྡུར་ན་ང་ཚོར་སློབ་ཁྲིད་བྱེད་ས་དང་སློབ་སྦྱོང་བྱེད་ས་དེ་བས་ལེགས་པ་བྱུང་། སློབ་ཁང་ནང་དུ་ནག་པང་དང་སྒྲོག་ཙེ་འདུག་ལ་གློག་ཀྱང་འདུག”ཕྲུ་གུ་ཚོ་སྡོད་ས་ནི་སོ་ཕག་གཉིས་དང་པང་ལེབ་གཅིག་གིས་བཟོས་པའི་རྐུབ་སྟེགས་ཆུང་ཆུང་ཡིན་པ་དང་གློག་གཏོང་བའི་དུས་ཚོད་ཀྱང་ཆུ་ཚོད་ཁ་ཤས་ལས་མེད་མོད། སློབ་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པས་སློབ་མ་ཚོས་འཚོ་བ་གསར་པར་རེ་སྒུག་ཆེན་པོ་བཅངས་ཡོད་ཅེས་ཚེ་རིང་པད་མོས་བཤད།
“ཏང་གི་སྲིད་ཇུས་བཟང་པོའི་འོག་ཕྲུ་གུ་ཚང་མ་སློབ་གྲྭར་འགྲོ་རྒྱུ་བྱུང་བ་མ་ཟད། ད་དུང་སློབ་གྲྭ་ཡག་པོར་འགྲོ་རྒྱུའང་བྱུང་སོང་ཞེས་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བའི་ཚེ་རིང་པད་མོས་དེ་ལྟར་བཤད།
སྤེན་ཚེས་བསྒྱུར།