ཁྱབ་རྒྱ་ཆེ་བའི་དང་བླངས་ཞབས་ཞུའི་གཡུལ་སའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དམངས་ཕན་ཞབས་འདེགས་ཡག་པོ་ཞུ་ཆེད། ཉེ་ཆར་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་དང་གནས་བབ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ་བཙུགས་པའི་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་ཞབས་ཞུའི་ས་ཚིགས་དང་བཟོ་ཚོགས་གཅེས་སེམས་ས་ཚིགས་ཀྱི་སྒོ་བྱང་འབྱེད་པའི་མཛད་སྒོ་འུན་ཤིང་ཀོང་ཇོ་ཟློས་གར་ཐང་ཆེན་དུ་འཚོགས་པ་རེད།
སྒོ་བྱང་འབྱེད་པའི་མཛད་སྒོར་སྡེ་ཚོགས་ཁོངས་གཏོགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཏེ་ལྷ་ས་ཆིང་ཧྥུང་སྤྱི་ཕན་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣ་གདན་དྲངས་ཡོད་ཅིང་། ཁོང་ཚོས་གཞོན་ནུ་དང་བླངས་ཞབས་ཞུ་རུ་ཁག་ལ་མྱུར་སྐྱོབ་ཤེས་བྱ་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་གི་དམིགས་ཡུལ་ནི་ས་ཚིགས་ཀྱི་འཕྲལ་སྡོམ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཆེད་རེད། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་ཞབས་ཞུའི་ས་ཚིགས་དང་བཟོ་ཚོགས་གཅེས་སེམས་ས་ཚིགས་དེ་ཉིད་འུན་ཤིང་ཀོང་ཇོ་ཟློས་གར་ཐང་ཆེན་གྱི་བྱང་ཕྱོགས་སུ་ཡོད་ཅིང་། གུང་གཞོན་སྡེ་ཚོགས་གྲོང་ཨུད་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་དུ་ཞབས་ཞུའི་ས་ཚིགས་དེ་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་ཞབས་ཞུའི་ས་ཚིགས་ཀྱི་དཔེ་སྟོན་ས་ཚིགས་སུ་བརྩིས་ནས་བཙུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་ཚིགས་འདིར་གཙོ་བོ་ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་བཟོ་ཚོགས་ཨུ་ལྷན་དང་། གཞོན་ནུ་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག གཞོན་ནུ་དང་བླངས་པ་སོགས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་ཞུགས་ཏེ་དང་བླངས་ཞབས་འདེགས་ཞུ་རྒྱུ་རེད། ས་ཚིགས་སུ་ངལ་གསོ་ཁུལ་དང་ཆུ་འཐུང་ཁུལ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་གློག་ཀླད་དང་། གསོ་རླུང་མཁོ་འདོན་འཕྲུལ་འཁོར། རླུང་འཁོར། དཔེ་དེབ་དང་དུས་དེབ། ཉི་གདུགས། འཕྲལ་སྡོམ་སྨན་སྒམ། AEDསོགས་ཀྱང་བཀོད་སྒྲིག་བྱས་ཡོད། འདིས་གཙོ་བོ་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་ཆ་འཕྲིན་བློ་འདྲི་དང་། ཡ་རབས་ཁྲིད་སྟོན། སྐབས་འཕྲལ་ངལ་གསོ། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
སྤེན་ཚེས་བསྒྱུར།