http://zw.xzqnb.cn/Content/weixinlogo.png
དཔྱིད་འགོ་ཚུགས་པའི་དུས་འདིར་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན
http://zw.xzqnb.cn/m/content/2024-04/05/000573.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་གསར་པའི་ནང་འཚར་ལོངས་བྱུང་བའི་མགོན་པོས་དུས་རབས་གསར་པའི་འཕོ་འགྱུར་གླེང་བ།

རི་ཀླུང་གྲངས་མེད་བརྒལ་ནས་སློབ་གསོའི་བོད་སྐྱོར་ལ་སླེབས་པ།

“ཞིང་པ་མི་རབས་གསར་པས”ཞིང་ལས་ཐོན་རྫས་དྲ་ཐོག་ཐད་ཚོང་བྱས་པ།

等待处理…

བོད་གསར་པའི་ནང་འཚར་ལོངས་བྱུང་བའི་མགོན་པོས་དུས་རབས་གསར་པའི་འཕོ་འགྱུར་གླེང་བ།

2024年04月05日

དཔྱིད་འགོ་ཚུགས་པའི་དུས་འདིར་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་གྲོང་ཚོར་ལེ་དབར་ཁྲི་ཡི་ས་ནས་མེ་ཏོག་གི་དྲི་ཞིམ་ཕྱོགས་ཀུན་ལ་འཐུལ། ཉེ་འགྲམ་གྱི་གྲོང་མི་ཚོས་ཞིང་ལས་བྱེད་བཞིན་ཡོད་པ་དང་བགྲེས་སོང་མགོན་པོ་ནི་དཔྱིད་ཀྱི་ཉི་མ་བསྲོ་ཞིང་བག་ཕེབས་ངང་གྲོང་ཚོའི་ནང་འཆམ་འཆམ་བྱེད་བཞིན་ཡོད། ཁོང་གིས་མིག་སྔའི་མཛེས་སྡུག་ལྡན་པའི་གྲོང་ཚོའི་རྣམ་པར་ལྟ་བཞིན་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་ཡོད།

ལོ་དེར་སྐྱེས་པ་ནི་བསོད་ནམས་ཆེ་བ་ལ་ཅི་ལ་མིན།

རྒད་པོ་མགོན་པོ་ནི་༡༩༥༩ལོར་སྐྱེས་པ་དང་ཁྱིམ་དུ་གཅེན་གཅུང་བཞི་ཡོད། ཁོང་ནི་ཁྱིམ་ནང་གི་བུ་ཕྲུག་ཆུང་ཤོས་ཤིག་ཡིན་པའི་ཆ་ནས་ཕ་མས་གཅེས་པའི་བྱིས་པ་ཞིག་ལ་བརྩིས་ཀྱི་ཡོད། འདས་པའི་དུས་ཚོད་ལ་དྲན་གསོ་བྱེད་སྐབས་“ཁྱེད་ནི་སྐལ་བ་བཟང་པོ་ཞིག་རེད”ཅེས་ཕ་མས་བརྗོད་ཀྱི་ཡོད། ཁོང་གིས་ཕ་མར་རྒྱུ་མཚན་ཅི་ཡིན་ཅེས་ཐེངས་མང་དྲིས་ཀྱང་ཕ་མས་མགོ་བོ་གཡུག་གཡུག་བྱེད་པ་ལས་གསལ་བཤད་བྱེད་པར་མི་འདོད། ཕྱིས་སུ་ཁོང་གིས་ཁྱིམ་མཚེས་རྒན་རྒོན་ཚོའི་ས་ནས་ཤེས་རྟོགས་བྱུང་གསལ་མགོན་པོའི་ཕ་མ་སྔོན་ཆད་ཞིང་བྲན་བྱེད་དུས་ལྟོས་གྲོད་པ་མི་རྒྱགས་པ། གོས་ཀྱིས་གཟུགས་མི་དྲོད་པ། ས་ཞིང་ཁབ་ཙམ་ཡང་མེད་པ་བཅས་ཀྱི་སྡུག་བསྔལ་ཆེ་ལ་ཡ་ང་བའི་འཚོ་བ་སྐྱེལ་གྱི་ཡོད་ནའང་སྟབས་ལེགས་པ་ཞིག་ལ་ཁོ་པ་སྐྱེས་པའི་ལོ་གཅིག་གི་ནང་འཚོ་བར་འགྱུར་ལྡོག་བྱུང་བ་རེད།

1959ལོའི་ཟླ་3ཚེས་28ཉིན་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་བཀའ་རྒྱར་མཚན་རྟགས་བཀོད་ནས་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ཏེ། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་སྤྱོད་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་ཏང་གི་འགོ་ཁྲིད་འོག་ཚ་ཚ་འུར་འུར་དང་ཟིལ་རླབས་དགུང་འཕྱུར་གྱིས་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་བ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་ལམ་ལུགས་བཅས་མེད་པ་བཟོས་ནས་དེ་སྔའི“སྐད་ཆ་ཤོད་ཤེས་པའི་ལག་ཆ”དེ་ཁྱིམ་ཚང་ཡོད་པ་དང་། ལས་གནས་ཡོད་པ། ལ་རྒྱ་ལྡན་པ་བཅས་ཀྱི་རང་དབང་གི་སྤྱི་དམངས་ཤིག་ཏུ་གྱུར་ནས་ཞིང་བྲན་ཁྲི་ཚོ་བརྒྱར་མི་ཚེའི་ནང་འདྲ་མཉམ་གྱི་དུས་རབས་ཤིག་ཤར་བཅུགས་ཡོད།

བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་མགོན་པོ་ཚང་ལ་ས་ཞིང་མུའུ་9བགོས་ནས་དེར་ནས་དང་། ཞོག་ཁོག ལ་ཕུག་ལ་སོགས་བཏབ་སྟེ། སྔོན་ཆད་ཞིང་བྲན་བདག་པོས་ལོངས་སྤྱོད་བྱེད་པའི་འབྲུ་རིགས་ལ་མིག་ཅེ་རེར་བལྟས་ནས་བསྡད་དགོས་ཀྱང་། ད་ལྟ་སྔོན་མའི་མུན་ནག་དང་གདུག་རྩུབ་ཆེ་ལ་ཡ་ང་བའི་ལོ་ཟླ་དང་ཁ་བྲལ་ནས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།

དད་སེམས་བརྟན་པོ་བཅངས་ནས་འཚོ་བ་གསར་པར་བསུ་བ་ཞུ།

1978ལོར། ལོ་19ལ་སོན་པའི་མགོན་པོས་རང་འགུལ་ངང་དམག་ནང་དུ་ཞུགས། ཁོང་ནི་ལུས་སྟོབས་རྒྱས་ལ་བཞིན་བཟང་བས་ཁོ་ལ་ལམ་འགྲོ་མང་པོ་རྒྱུགས་ཡོད། དམག་དཔུང་ནང་དུ་ཞུགས་རྗེས་མགོན་པོ་ཡིས་དམག་དཔུང་ཆེན་པོའི་རྗེས་སུ་འབྲངས་ནས་སྦྱོང་བརྡར་དང་སྐྱེད་སྲིང་། ལམ་བཟོ། ཁང་པ་ཞིག་གསོ་བཅས་བྱས་པས་བྱ་དངོས་གསར་པ་མང་པོར་ཤེས་རྟོགས་བྱུང་བ་དང་དུས་མཚུངས་མཐོང་རྒྱ་ཇེ་ཆེར་སོང་ཡོད། ཁོང་གིས“དཔུང་སྡེའི་ཟ་ཁང་དུ་ངས་ཚེ་འདིར་སོ་ལོ་སྔོན་པོ་དང་ཤ་བཙོས་མའི་བྲོ་བ་མྱོང་ཐུབ་བྱུང་བས། ཉིན་ལྟར་ལྟོ་དུས་ལ་སླེབས་མཚམས་སེམས་ནང་དགའ་ཚོར་ཆེན་པོ་འདུག”ཅེས་མགོན་པོས་ཕྱིར་དྲན་བྱས།

དམག་དཔུང་ལས་ཁོང་ལ་རིག་གནས་ཤེས་བྱ་དང་ཏང་གི་སྲིད་ཇུས་སོགས་གཞུང་ལུགས་མང་པོ་ཞིག་སློབ་ཏུ་བཅུག་པས། བསམ་བློའི་གོ་རྟོགས་ཇེ་མཐོར་ཕྱིན་པ་དང་ཉམས་མྱོང་ཡང་མང་པོ་ཐོབ། མགོན་པོ་ནི་ཕུགས་བསམ་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་ལས་ལ་བརྩོན་པ་དང་ལས་ཀར་ཏན་ཏན་ཏིག་ཏིག་་བྱེད་མཁན་ཞིག་ཡིན་པས། 1982ལོའི་ཟླ་7པའི་ཚེས་1ཉིན། མགོན་པོ་གཟི་བརྗིད་ལྡན་པའི་ངང་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར། མགོན་པོས་“ཏང་ནང་བཞུགས་པའི་ཉིན་མོ་དེ་ནི་ངའི་མི་ཚེའི་ནང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན” ཅེས་ཏང་ནང་ཞུགས་པའི་དམ་ཚིག་སྒྲོག་སྦྱངས་བྱེད་སྐབས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།

ཉི་འོད་ཀྱིས་གཟུགས་པོ་དྲོས་པ་ལྟར་འཚོ་བར་བདེ་སྐྱིད་ཀྱི་ཉི་མ་ཤར།

དམག་ཁོངས་ནས་ཕྱིར་ལོག་རྗེས་མགོན་པོས་ཕ་ཡུལ་དུ་ལོག་ནས་ཁྱིམ་ཚང་ཟིན་ཏེ་ཕྱིས་སུ་བུ་གཅིག་དང་བུ་མོ་གཅིག་གསོ་སྐྱོང་བྱས། ད་ཆ་བུ་ཡིས་ཤང་གི་སྨན་པའི་འགན་འཁུར་བ་དང་བུ་མོ་ཉེ་འགྲམ་གྱི་གྲོང་ཚོའི་མནའ་མར་ཕྱིན་ནའང་མགོན་པོར་དུས་ངེས་མེད་ལ་ཡང་ཡང་ལྟ་བར་ཡོང་གི་ཡོད། ད་ཆ་མགོན་པོ་ནི་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་ཆེན་པོའི་ནང་སྡོད་ཀྱི་ཡོད་པ་དང་། གྲོང་ཚོའི་ནང་དུ་སིལ་ཚོང་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་ཀྱི་ཡོད་ཅིང་། ཁང་པའི་ནང་གི་བོད་བཟོའི་ཁྱིམ་ཆས་དག་གཙང་ལ་གྲལ་འགྲིག་པ་ཞིག་ཡོད། ཁོག་མའི་ནང་དུ་བཏབ་པའི་མེ་ཏོག་སྣ་ཚོགས་ལས་ཁང་པའི་ཕྱོགས་གང་སར་མེ་ཏོག་གི་དྲི་ཞིམ་གྱིས་ཁེངས་པ་དང་ད་དུང་ཆ་སྒམ་སྟེང་དུ་གཟེངས་བསྟོད་ལག་ཁྱེར་སྟར་པ་གཅིག་སྒྲིག་ཡོད་པ་རེད། “ངའི་ཚ་བོ་དང་ཚ་མོ་སློབ་སྦྱོང་གི་སྦྱངས་འབྲས་ཧ་ཅང་ཡག་པོ་འདུག་ལ་སྤྱོད་ཚུལ་ཡང་ཡག་པོ་འདུག་པས་སློབ་དུས་རེར་གཟེངས་བསྟོད་ལག་ཁྱེར་གསར་པ་མང་པོ་སྤྲོད་ཀྱི་ཡོད”ཅེས་མགོན་པོས་སྤོབས་པ་ཆེན་པོའི་ངང་གསར་འགོད་པར་རང་ཉིད་ཀྱི་བདེ་སྐྱིད་ཚོར་སེམས་བཤད།

གསར་འགོད་པས་གྲོང་ཚོའི་གནས་ཚུལ་དྲིས་སྐབས། མགོན་པོས་ལོ་འདི་དག་གི་རིང་ལ་གྲོང་ཚོའི་ལས་དོན་སྣ་ཚོགས་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་མངོན་གྱི་འདུག་ཟེར། ཁོང་གིས་ལོ་འདི་དག་གི་གྲོང་ཚོའི་ནང་གི་འགྱུར་བ་གླེང་སྐབས“ཆུང་དུས་ཁྱིམ་ཚང་རྣམས་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་ཚང་མ་མི་ཤུགས་ལ་བརྟེན་ནས་དབོར་དགོས་ཀྱི་ཡོད། ད་ཆ་ང་ཚོའི་གྲོང་ཚོར་རླངས་འཁོར་ཆུང་གྲས་དང་གློག་སྒུལ་རླངས་འཁོར་སོགས་མང་པོ་ཡོད་པས་འགྲོ་སྐྱོད་སྟབས་བདེ་རུ་ཕྱིན་ཡོད། སྔོན་ཆད་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་ཅ་ལག་ཉོ་བར་འགྲོ་སྐབས་གཟའ་འཁོར་ཁ་ཤས་འགྲོ་དགོས་ཀྱི་ཡོད་ནའང་ད་ལྟ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པས་སྐར་མ་ཉི་ཤུ་ལྷག་ཙམ་ནང་རྫོང་གྲོང་དུ་སླེབས་ཐུབ་ཀྱི་ཡོད། དེ་སྔ་ཚང་མ་ཁང་ཆུང་རྙིང་པའི་ནང་སྡོད་ཀྱི་ཡོད་ཀྱང་ད་ཆ་གྲོང་ཚོའི་ནང་གི་མི་མང་ཆེ་བ་ཐོག་བརྩེགས་གཉིས་ལྡན་གྱི་བོད་བཟོའི་ཁང་པའི་ནང་སྡོད་ཀྱི་ཡོད”ཅེས་བཤད།

བོད་གསར་པའི་ནང་འཚར་ལོངས་བྱུང་བའི་མགོན་པོས་བོད་གསར་པའི་ཉི་འོད་ལ་བརྟེན་ནས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱས་ཏེ་ལོ་དྲུག་ཅུ་རེ་ལྔའི་ནང་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོའི་བདེ་སྐྱིད་བཅས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོ་གནང་ཡོད། “ཆུང་དུས་སུ་ཕ་མས་ངའི་ལས་དབང་ཡག་པོ་རེད་ཅེས་བརྗོད་པར་གོ་བ་ལོན་མ་ཐུབ་ཀྱང་ད་ཆ་གཞི་ནས་རང་ཉིད་དངོས་གནས་བསོད་ནམས་ཆེན་པོ་ཡིན་པ་ཡིད་ཆེས་ཇེ་བརྟན་ནས་ཇེ་བརྟན་དུ་ཕྱིན་སོང་”ཅེས་མགོན་པོས་འཛུམ་དམུལ་དམུལ་ངང་བཤད།

གསར་འགོད་པ། ཚེ་རིང་དཔལ་སྐྱིད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博