འདི་ནི་ཟླ་4ཚེས་2ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་ཚོགས་པའི་རྣམ་པ་ཡིན།
ཟླ་4ཚེས་2ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན། རྒྱལ་ཡོངས་“ཚོགས་འདུ་གཉིས་”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གཞོན་ནུའི་ལས་དོན་སྐོར་གྱི་གལ་ཆེའི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན་དང་གུང་གཞོན་སྡེ་ཚོགས་ཚོགས་ཆེན་བཅུ་དགུ་པ། གུང་གཞོན་སྡེ་ཚོགས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། 2023ལོའི་ལས་དོན་ལ་ཕྱོགས་སྡོམ་དང་2024ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ལས་དོན་སྙན་ཞུ་དང་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་2023ལོར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞོན་ནུའི་ལས་དོན་སྐོར་གྱི་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཞོན་ནུའི་བསམ་བློར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་སྒྲིག་འཛུགས་སྐུལ་སློང་བྱས་ནས་སྡེ་ཚོགས་ནན་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་ “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག“གསར་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་ཡིན་པས། ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་ཏེ་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཁྲོད་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བློ་ལ་ཟུག་པར་བྱས་ནས། ཏང་གི་ཆེད་དུ་དཀའ་ངལ་སེལ་རོགས་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལྗོངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་དེ“དོན་ཆེན་བཞི”དང་“གསར་གཏོད་བཞིའི”ཁྲོད་རང་རྟོགས་ངང་ཇུས་འགོད་དང་སྐུལ་འདེད་དོན་འཁྱོལ་བྱེད་དགོས།
བསོད་བསྟན་གྱིས་བསྒྱུར།