སྐྱེ་འགྲོ་སུ་ཡི་ངོས་ནས་བཤད་ནའང་མ་ཡུམ་ནི་འཇིག་རྟེན་འདིའི་ཐོག་བཀའ་དྲིན་ཆེ་ཤོས་དེ་ཡིན། བདག་གི་སེམས་ནས་བརྗེད་དཀའ་བ་དང་དྲན་སླ་བ་ཡང་ཁྱེད་ཉིད་ལས་མ་འདས། ཁྱེད་ནི་བདག་གི་འཚོ་བའི་ལམ་སྟོན་དང་། མུན་ནག་གི་སྒྲོན་མེ། མཚན་ནམ་གྱི་ཟླ་བ། ཁྱེད་མེད་ན་ང་ཡང་མཛེས་སྡུག་ཡི་གར་འོངས་བའི་འཇིག་རྟེན་འདིའི་ཐོག་ཏུ་གནས་མི་སྲིད། ཁྱེད་ཀྱིས་ང་ལ་རྩ་ཆེ་བའི་ཚེ་སྲོག་སྤྲད་ཅིང་། ཆུང་སྦར་མོ་གང་ནས་གསོ་སྐྱོང་གནང་བས་ངས་ཚེ་འདིར་ཁྱེད་ཀྱི་བཀའ་དྲིན་བརྗེད་ག་ལ་རུང་།
མིག་བཙུམས་ཐེངས་ཤིག་ལ། སློབ་འབྲིང་གི་འཚོ་བ་མཇུག་བསྒྲིལ་ལ་ཉེ། ང་རང་ཉིན་རེ་ལས་ཉིན་རེར་འཚར་ལོངས་བྱུང་། དྲིན་ཆེན་མ་ཡུམ་ཁོང་ནི་ཉིན་རེ་ལས་ཉིན་རེར་རྒས་ཤིང་འཁོགས།
བདག་གི་མ་ཡུམ་གྱི་སྐུ་གཟུགས་དེ་ཙམ་མི་རིང་ལ། སྐུ་ཤ་ཡང་འབྱོར་པོ་དེ་ཙམ་མེད། དཀར་ཞིང་སྒོར་བའི་ངོ་གདོང་ནི་བོད་ཚེས་བཅོ་ལྔའི་ཟླ་བ་དང་འདྲ། ཁོང་གི་གཤིས་ཀ་བལ་ལས་འཇམ་ཞིང་། སྤྱན་ཟུང་ཆེ་ལ་བརྩེ་བའི་འོད་ཞགས་འཁྱིལ། ཆུང་དུས་ནས་སློབ་གྲྭའི་སྒོ་ཐེམ་འགྲིམས་མ་མྱོང་བས་ཀ་ཁ་ཀློག་ཤེས་པ་ཙམ་ལས་ཕུན་སུམ་ཚོགས་པའི་ཤེས་ཡོན་རྒྱུད་ལ་མི་མངའ། ད་ཆ་གནག་ཅིང་སྣུམ་པའི་དབུ་སྐྲའི་སྟེང་དུ་སྟོན་གྱི་བ་མོ་རེ་ཟུང་འབབ། ཁོང་ནི་ཕྱུ་པ་གྱོན་རྒྱུར་དགའ་ལ། མགོ་ལའང་རྒྱན་ཆ་མང་པོ་འདོགས་རྒྱུར་དགའ། རྒྱུན་དུ་འཛུམ་དམུལ་དམུལ་གྱིས་བཞུགས་ཤིང་། གནས་ཚུལ་སྡུག་པོ་ཆུང་ཙག་རེ་ཟུང་གིས་ཀྱང་ཁོང་གི་མིག་ནས་མཆི་མའི་ལོ་ཆུ་བརྡོལ།
སློབ་གྲྭར་འགྲོ་རན་པའི་ཉིན་ཞིག་ང་རང་ལྷམ་བཀྲུ་བསམ་ནས་གང་སར་བཙལ་ཡང་ང་རང་གི་ལྷམ་དེ་དག་མཐོང་རྒྱུ་མི་འདུག ངས་མ་ཡུམ་ལ་སྐད་ཆ་འདྲི་ཨང་བསམ་ནས་ཕྱི་སྒོར་ཐོན་སྐབས་ཁོང་གིས་ངའི་ལྷམ་དེ་དག་འཁྲུད་བཞིན་པ་མཐོང་། ངས་ཨ་མས་བཀྲུས་པའི་ལྷམ་དེ་གྱོན་ནས་སློབ་གྲྭར་འགྲོ་སྐབས་ཡུམ་གྱི་ཕྱག་ཟུང་ཡིད་ལ་མི་དྲན་རང་དྲན་དུ་གྱུར་ལ། མིག་ཆུའང་དབང་མེད་དུ་ཤོར།
མ་ཡུམ་ལགས། ང་རང་དུས་ནམ་ཡང་ཁྱེད་ལ་དགའ། ཁྱེད་ཀྱི་བཀའ་དྲིན་ནི་རི་རྒྱལ་ལྷུན་པོ་ལས་མཐོ་ལ། རྒྱ་མཚོ་ལས་ཀྱང་ཟབ། ང་རང་གི་གཟི་བརྗིད་དང་སྤོབས་པ་ཐམས་ཅད་མ་ཡུམ་ཁྱེད་ལས་བྱུང་བ་ཉག་གཅིག་གོ །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)ཚེ་རིང་བསྟན་མཚོ།
ཟུར་ཁྲིད་དགེ་རྒན། རྒྱ་ལོད།