西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བསམ་ཤེས་ཅན་གྱི་བྱིས་པ། ༄༅། །ཆེས་བཀུར་བར་འོས་པའི་མི་ཞིག ༄༅། །འབོད་སྐུལ་དཀར་གཙང་མ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།

放大 缩小 默认

༄༅། །འབོད་སྐུལ་དཀར་གཙང་མ།

རིམ་གཉིས་གནས་ལུགས་རིག་འཛིན་བརྡ་ཡི་རྒྱུད། །

འཁོར་བའི་ལས་ཀྱིས་བཅིངས་པའི་ལུས་ཅན་རྣམས། །

ཉོན་མོངས་དུག་ལྔའི་ཁུར་གྱིས་རབ་གནོན་པའི། །

མུ་མེད་སྲིད་པའི་གནས་འདིར་ཡིད་རེ་སྐྱོ། །

ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་དེ། །

སྐད་ཅིག་མི་སྡོད་སྒྱུ་མར་འཁྲུལ་འགྲོ་བས། །

བདག་འཛིན་ཡིད་ཀྱི་འཆིང་བས་མ་བཅིངས་པར། །

སེམས་ཉིད་རང་སོར་གློད་ཅིག་སྙིང་གཏམ་ཡིན། །

ཕྱི་གཟུགས་མཛེས་པ་དབྱར་གྱི་མཚོ་མོ་ཡིན། །

སྐྱིད་སྡུག་མི་སྙོམས་མཛུབ་མོའི་རིང་ཐུང་བཞིན། །

འཇིག་རྟེན་བྱ་བ་སྙིང་པོ་མེད་མཐོང་ནས། །

དོན་དམ་བདེན་དོན་འཚོལ་ཕྱིར་བསམ་གཏན་སྒོམ། །

མི་གཞི་བཟང་བས་གཞན་གྱི་ཡིད་དུ་འཐད། །

སྨྲ་བརྗོད་ཉུང་བས་ཕོག་ཐུག་བྱུང་དོགས་མེད། །

འཇིག་རྟེན་ཆོས་བརྒྱད་སྤངས་པས་བག་དང་ལྡན། །

རང་རྒྱུད་སྨིན་ཅིང་གྲོལ་བར་རེམས་ཤིག་ཨང་། །

ཕྱི་རོལ་ཡུལ་དང་འབྲེལ་འདྲིས་བྱེད་པའི་ཚེ། །

གཟུར་གནས་བློ་ཡིས་ཤན་འབྱེད་བྱེད་པ་ལས། །

གསར་འགྲོགས་མི་ལ་གློ་སྙིང་བཏོན་པ་འདི། །

བླང་དོར་ཤན་འབྱེད་རྩལ་གྱིས་དབུལ་བའི་རྟགས། །

ཚུལ་མིན་མི་དགེའི་ལས་ལ་ཞེན་ཆགས་ན། །

རྣམ་སྨིན་མི་དགེའི་འབྲས་བུ་རང་མྱོང་བཞིན། །

ལུས་སེམས་སྡུག་བསྔལ་ཀུན་གྱིས་གཙེས་གྱུར་པས། །

རྒྱུ་འབྲས་བསླུ་མེད་ཡིན་པ་ཤེས་པར་གཅེས། །

དེ་ལྟར་ཤེས་ནས་ཟུང་འཇུག་སྤང་བླངས་ལ། །

རྣམ་པ་སྣ་ཚོགས་ཚུལ་གྱིས་གོམས་པར་བགྱིས། །

སྐལ་བཟང་རྣམ་འདྲེན་ཐར་འདོད་མཁས་པ་ཡི། །

ལམ་དེར་འབད་པ་དུ་མས་བསྟེན་པར་གཅེས། །

དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །

ཐོས་པས་ཤེས་རབ་ཁྲེལ་ཡོད་ངོ་ཚ་ཤེས། །

ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །

སྐལ་ལྡན་ཀུན་གྱིས་ཡིད་ལ་གོམས་འགྱུར་ཅིག །

ཚེ་རབས་ཀུན་ཏུ་ཡང་དག་བཤེས་གཉེན་དང་། །

ཟབ་ཡངས་ཡོན་ཏན་དཔལ་ལ་ལོངས་སྤྱོད་ཅིང་། །

ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །

ཐལ་བའི་རྡུལ་བཞིན་བརླགས་པའི་འཕྲིན་ལས་མཛོད། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ། རིག་འཛིན་རྡོ་རྗེ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明