ཆུང་དུས་སུ་བྱི་རིལ་ཞིག་སྟེར་ཚེ་དེ་ལ་འཛུམ་ཤིག་གེར་དགོད་པ་དང་། ཐང་ལ་འགྱེལ་སོང་ན་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ངུ་སྲིད། དེ་དུས་མི་གཞན་གྱི་ལྟ་སྟངས་ལ་དོ་སྣང་རྩ་བ་ནས་བྱེད་མི་དགོས། འོན་ཀྱང་ད་ཆ་ནར་སོན་རྗེས་ངུ་འདོད་ཀྱང་ངུ་མི་རུང་ལ་དགོད་འདོད་ནའང་དགོད་མི་རུང་། དུས་དང་རྣམ་པ་ཀུན་ཏུ་མི་གཞན་གྱི་ལྟ་སྟངས་ཁོ་ནར་དོ་སྣང་བྱས་ནས་བསྡད་དགོས། དེ་ནི་ཕལ་ཆེར་ནར་སོན་པ་ཟེར་བ་དེ་ཡིན་པ་འདྲ།
ཁྱེད་ནི་མི་གཞན་གྱིས་འཕྱ་སྨོད་བྱེད་པའི་མིག་མདངས་དེ་ལ་སྐྲག་གམ་ཕ་མ་གཉིས་ཀྱི་རེ་ཐག་ཆད་པའི་མིག་མདངས་དེ་མཐོང་བས་ཡིན། ཡང་ན་སྤུན་མཆེད་ཀྱི་རེ་བ་དང་རང་ཉིད་སོ་སོར་ཡིད་ཆེས་མེད་པས་ཡིན་ནམ། དེ་དག་ཐམས་ཅད་ནི“ནར་སོན་པ”ཞེས་པའི་ཐ་སྙད་ལས་བྱུང་བ་ཡིན་པས་སྐབས་འགར་ཁྱེད་རང་ནར་སོན་པར་སྐྲག་སྲིད། ཁྱེད་ནར་སོན་རྗེས་ཕ་མ་གཉིས་ཀྱི་ཉིན་རེ་བཞིན་དུང་དཀར་གྱི་རྗེས་སུ་འགྲོ་བའི་དབུ་སྐྲའི་ཁྲོད་ཀྱི་ལོ་ཟླའི་རྗེས་ཤུལ་མཐོང་བར་སྐྲག་གམ་ཁེར་རྐྱང་གི་འཇིག་རྟེན་དེ་དང་དེའི་སྟེང་དུ་ཡོད་པའི་ཅ་དངོས་དག་དང་ལེན་བྱེད་པར་སྐྲག ཡང་ན་ཁྱེད་ནར་སོན་རྗེས་ཉིན་ལྟར་བློ་བཟོའི་འཛུམ་མདངས་སྟོན་པའི་སྐྱུག་བྲོ་བའི་མི་དག་དང་འབྲེལ་བ་བྱེད་པར་སྐྲག་གམ། གང་ལྟར་ཡིན་ཡང་ཁྱོད་ནར་སོན་རྗེས་ངེས་པར་དུ་རང་ཉིད་འཚོ་བ་སྐྱེལ་སའི་ཚོགས་པ་དེ་དང་ལེན་བྱེད་དགོས་པ་ནི་གདམ་ང་མེད་པའི་བྱ་བ་ཞིག་ཡིན།
ཁྱེད་ཀྱིས་ཨུ་ཚུགས་ཆེན་པོས་རང་ཉིད་ནར་སོན་པར་བྱེད་དགོས། སྐབས་དེར་ཁྱེད་རང་སྐྲག་སྲིད་ལ་དེ་བས་ཀྱང་ནར་སོན་མི་འདོད། ཁྱེད་སྐྲག་པའི་དངོས་པོ་ཇེ་མང་ནས་ཇེ་མང་དུ་སོང་སྲིད། འོན་ཀྱང་ཁྱེད་ཀྱིས་འཇིག་རྟེན་འདིའི་སྟེང་དུ་ཁྱེད་རང་གཅིག་པུར་ནར་སོན་པ་ཙམ་མིན་པར་ཁྱེད་དང་ལྷན་དུ་མགོ་ནག་སྐྱེ་བོ་གྲངས་ལས་འདས་པ་ནར་སོན་བཞིན་ཡོད་པ་ཤེས་དགོས། སྐབས་འདིར་ད་དུང་སྐྲག་དགོས་དོན་ཅི་ཞིག་ཡོད། སྐྲག་པའི་ཐོབ་ཐང་དེ་བས་ཀྱང་མེད། མཚན་མོར་ཁྱེད་རང་གི་མིག་ཆུས་སྔས་མགོ་བརླན་པ་ཆགས་སྲིད། ཁྱེད་ཀྱི་བསམ་པར་འཛམ་གླིང་ཡོངས་ཀྱིས་ཁྱེད་ཀྱི་ཆེད་དུ་སྐྱོ་སྣང་སྐྱེ་འོས་པ་ཞིག་རེད་བསམ་སྲིད། འོན་ཀྱང་དེ་ནི་རང་གིས་བསམ་པ་ཙམ་ལས་གཞན་གང་། སའི་གོ་ལ་ནི་དུས་ནམ་ཡང་ཁྱེད་ཀྱི་མིག་ཆུ་བཏང་བར་བསམས་ནས་འགུལ་མི་སྲིད་པ་ག་ལ་ཡིན། གཞུང་ལམ་སྟེང་དུ་བསྐྱོད་བཞིན་པའི་མོ་ཊ་དག་དང་ཁྲོམ་གཞུང་གཡས་གཡོན་གྱི་གློག་འོད། འཁྲུག་ཆ་དོད་པའི་མི་ཚོགས་ཡོད་ཚད་ཀྱི་ཡོད་ཚད་ཐམས་ཅད་ནི་སྔར་བཞིན་གནས་པས། གལ་ཏེ་ཁྱེད་འཇིག་རྟེན་འདི་ནས་བྲལ་བའི་དབང་དུ་གྱུར་ཡང་འཇིག་རྟེན་དེ་སྔར་བཞིན་དེ་ལྟར་ཡིན། ཁྱེད་འཇིག་རྟེན་འདི་དང་བྲལ་ན་ཁྱེད་རང་ཅི་ཡང་མ་ཡིན། ཁྱེད་ནི་འཇིག་རྟེན་འདིའི་ནང་གི་ཐལ་རྡུལ་ཆུང་ཆུང་ཞིག་དང་འདྲ་བར་ཡང་ལྗིད་མེད་ལ་དུས་རྟག་ཏུ་གཞན་ལ་ངོམས་རིན་རྩ་བ་ནས་མེད། ཁྱེད་རང་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་མི་མཁས་མཛངས་ཅན་ཞིག་ཆགས་མ་ཐུབ་ཀྱང་དེ་རིང་གི་ཁྱེད་རང་ཁ་སང་ལས་ཡར་རྒྱས་ཕྱིན་པ་ཞིག་ནི་ངེས་པར་དུ་བྱེད་དགོས་པ་སྟེ་དེ་ཡང“ནར་སོན་པ”ཡིན།
ང་ཚོ་ནི་གོ་མེད་ཚོར་མེད་ངང་ནས་རྒས་སྲིད། ཁྱེད་རང་ཉིད་ཀྱིས་འབད་བརྩོན་བྱས་མེད་པ་དང་ད་དུང་ཚོད་ལྟ་བྱས་མེད་པ་ཤེས་སྲིད། སྐབས་དེ་དུས་ཁྱེད་གཞི་ནས་འགྱོད་པ་སྐྱེས་པ་དང་ཡང་ན་དངངས་འཚབ་ལངས་པ་སོགས་བྱེད་སྲིད་ལ་རང་ནུས་ཡོད་རྒུས་ད་ལྟའི་དུས་ཚོད་ལ་གཅེས་འཛིན་ཡང་བྱེད་སྲིད། འོན་ཀྱང་ཁྱེད་ཀྱིས་གཅེས་འཛིན་ཇི་ཙམ་མང་བ་བྱས་ན་ཡང་དུས་ཚོད་ནི་དེ་ཙམ་གྱིས་མགྱོགས་པར་ཟད་འགྲོ་བས་མཐའ་མཇུག་ཏུ་རང་ཉིད་འགྱོད་པ་སྐྱེས་པ་ལས་གཞན་གྱི་ཐབས་གང་ཡང་མེད། མགོ་ནག་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་འཚར་ལོངས་བྱུང་བ་དང་ནར་སོན་པར་བྱེད་པའི་བརྒྱུད་རིམ་འདི་ལ་གཡོལ་ཐབས་གང་ན་ཡོད། ཁྱེད་ཀྱིས་ངེས་པར་དུ་འདི་དང་ལེན་བྱེད་དགོས་པ་གང་ཞིག་བློ་ཁོག་ཆེན་པོས་དང་ལེན་བྱེད་དགོས། ད་ལྟ་ང་ཚོ་ནི་ལང་ཚོ་འབར་བའི་གཞོན་ནུ་ཞིག་ཡིན་པས་ང་ཚོར་ཡོད་པ་ནི་གོ་སྐབས་རེད། བྱས་ཙང་ཁྱེད་ཀྱིས་ཚོད་ལྟ་ཞིག་མ་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། མཐའ་མར་རང་ཉིད་ཕམ་ཉེས་བྱུང་བ་ཡིན་ནའང་འདྲ། ཡང་ན་རང་ཉིད་ལེགས་འགྲུབ་བྱུང་བ་ཡིན་ཡང་དེ་ནི་རང་ཉིད་ཀྱི་ཆེས་མཛེས་སྡུག་ལྡན་པའི་རྗེས་དྲན་ཞིག་ཏུ་འགྱུར་སྲིད་པས། ཁྱེད་ཀྱིས་ངེས་པར་དུ་སྐད་ཆ་འདི་འདྲ་ཞིག་ཉན་རོགས “ང་ཚོ་འཚོ་བ་འདི་ནི་རང་ཉིད་ཀྱི་རྔུལ་ཆུར་བརྟེན་ནས་འབད་བརྩོན་བྱེད་པ་ལས། མིག་ཆུར་བརྟེན་ནས་མི་གཞན་གྱི་གདུང་སེམས་བསླུ་བ་ནི་གང་ནས་ཡིན”མཐར་རང་ཉིད་ཀྱི་མ་འོངས་ཆེད་དུ་འབད་དོ། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།