ཉེ་ཆར། མངའ་རིས་ས་ཁུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་བསམ་བློ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་བསམ་བློ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཁྲོད་གདོང་ལེན་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།
མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ཉི་མས་གསུངས་དོན། མངའ་རིས་ས་ཁུལ་གྱིས《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》ལག་བསྟར་ནན་པོ་བྱས་ཡོད། 2020ལོར་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཁག་བཞི་པར་གྲུབ་འབྲས་བཏོད་དེ། མཚོ་ཆེན་དང་། སྒར། རུ་ཐོག་བཅས་རྫོང་གསུམ་ལ་རང་སྐྱོང་ལྗོངས་སྣོད་བཅུད་རྫོང་གི་མཚན་སྙན་ཐོབ་པ་དང་། ཤང(གྲོང་རྡལ)18དང་གྲོང་ཚོ(གྲོང་ལྷན)78ལ་རང་སྐྱོང་ལྗོངས་སྣོད་བཅུད་ཤང་དང་སྣོད་བཅུད་གྲོང་ཚོའི་མིང་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་ཐཱན་ཉུང་དཔེ་སྟོན་མཐའ་འཁྱོངས་དང་། བརྒྱུད་རིམ་ལྡན་པའི་ངང་སྲིད་ཇུས་ལག་བསྟར་དང་བཅོས་སྐྱོང་མཐའ་འཁྱོངས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་མཐའ་འཁྱོངས། སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། སྣོད་བཅུད་དམངས་ལ་ཕན་པ་འདོགས་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བཅས་བྱེད་ཀྱི་ཡོད་ལ། ལོ་གསུམ་ནང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.1བཏང་ནས་བྱེ་འགོག་བྱེ་བཅོས་ཀྱི་རྒྱ་ཁྱོན་མུའུ་ཁྲི་24ཟིན་པ། མི་བཟོས་ནགས་བཟོ་མུའུ་ཁྲི་0.49བསྐྲུན་ནས་སྡོང་རྐང་ཁྲི་818.4བཙུགས་ཏེ་ནགས་ཚལ་མུའུ་ཁྲི་0.75ཟིན་ཡོད། ནགས་ཚལ་ཁྱབ་ཚད་བརྒྱ་ཆ་1.85ཟིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ་16.74ནས་བརྒྱ་ཆ་20.59བར་འཕར་བ། འདམ་ར་སྲུང་སྐྱོང་བྱེད་ཚད་བརྒྱ་ཆ་65.73ཡན་བརྟན་པོ་བྱུང་ཡོད།
མངའ་རིས་ས་ཁུལ་སྣོད་བཅུད་ཁོར་ཡུག་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ལི་ཞའོ་པིང་གིས་མངའ་རིས་ས་ཁུལ་ལ་རྩྭ་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཉེ་བའི་ལོ་ཤས་རིང་གཙོ་གནད་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་རབ་དང་རིམ་པ་སྔ་རྗེས་སུ་ལག་ལེན་བསྟར་བས། རང་བྱུང་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྩྭ་ཐང་གི་ཐཱན་བསྡུ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ལ། རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་འཐབ་ཇུས་དམིགས་ཚད་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། མངའ་རིས་ས་ཁུལ་གྱིས་ས་གནས་དེ་གའི་རྩྭ་ཐང་གི་ཐཱན་འདུས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་རྩྭ་ཐང་གི་ཐཱན་འདུས་རིན་ཐང་གཞན་སྒྱུར་གྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རྒྱལ་ཁབ་ཀྱི་ནགས་ལས་དང་རྩྭ་ཐང་ཅུས་ནུབ་བྱང་བརྟག་དཔྱད་འཆར་འགོད་ཁང་དང་མཉམ་འབྲེལ་ཐོག་རྩྭ་ཐང་གི་ཐཱན་འདུས་གསར་སྤེལ་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་དང་། རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་དེ་ཐོག་ནས་རྩྭ་ཐང་གི“ཐཱན་མཛོད”ཀྱི་རིན་ཐང་སྔོག་འདོན་གང་ལེགས་ཐུབ་པ་མཚོན་པ་དང“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ”གྱི་རྣམ་པ་དེ“གསེར་རི་དངུལ་རིར”བསྒྱུར་བའི་རིན་ཐང་ལ་མངོན་འགྱུར་ཐབས་ལམ་མཁོ་འདོན་ཐུབ་ནས། ལྗོངས་ཡོངས་ཀྱི་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐད་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཡང་ཐོན་ཡོད་པ་རེད།
གསར་འགོད་པ། གཡང་འཛོམས།
བསོད་བསྟན་གྱིས་བསྒྱུར།