http://zw.xzqnb.cn/Content/weixinlogo.png
འཇིག་རྟེན་འདིར་གནས་པའི་སྐྱེ་འགྲོ་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་
http://zw.xzqnb.cn/m/content/2023-12/15/000405.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདེ་སྐྱིད་ལྡན་པའི་འཚོ་བའི་ངོས་འཛིན།

༄༅། །བདེ་སྐྱིད་ནི་ཅི་ཞིག་ཡིན།

༄༅། །གཅེན་པོ་ལགས། ངས་ཁྱེད་དྲན།

༄༅། །གཅེན་པོ་ལགས། ངས་ཁྱེད་དྲན།

等待处理…

༄༅། །བདེ་སྐྱིད་ལྡན་པའི་འཚོ་བའི་ངོས་འཛིན།

作者 བསོད་བསྟན།
2023年12月15日

འཇིག་རྟེན་འདིར་གནས་པའི་སྐྱེ་འགྲོ་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞེས་པར་གོ་བ་ལེན་ཚུལ་མང་དག་ཅིག་ཡོད་དེ། ཁག་ཅིག་གིས་ཟེར་ན་བདེ་སྐྱིད་ཅེས་པ་འདི་ནི་ཟས་ཀྱིས་གྲོད་པ་རྒྱག་པ་དང་གོས་ཀྱིས་ལུས་དྲོས་པ། འཚོ་བའི་དགོས་མཁོ་གང་འཚམ་ཞིག་ལྡན་པ་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཟེར། ཡང་ཁག་ཅིག་གིས་ཟེར་ན་འཚོ་བའི་ཆ་རྐྱེན་དེ་ཙམ་གྱིས་ཡག་པོ་མེད་རུང་གཙོ་བོ་སེམས་ཁམས་ལྷོད་ལྷོད་ངང་དུས་འདའ་བའམ་སེམས་ངལ་མེད་པར་འཚོ་བ་རོལ་བ་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སོགས་རང་རང་གི་ངོས་འཛིན་གྲངས་ལས་འདས་པ་ཞིག་ཡོད་འདུག་པས་འདིར་རེ་རེ་བཞིན་ངོ་སྤྲོད་མི་བྱའོ། །

དེ་ཡང་འཇིག་རྟེན་ཁམས་འདིར་གནས་པའི་སྲོག་ལྡན་གྱི་སྐྱེ་བོ་གྲངས་ལས་འདས་པ་ཞིག་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ལ་རོལ་ཆེད། ནམ་ཉིན་མཚན་མེད་པར་རང་རང་གི་ལས་ལ་བྲེལ་ཞིང་ཐ་ན་བཟང་འཐུང་ལའང་ཁོམ་པ་མེད་པ་ཞིག་ཆགས་འགྲོ་གིན་ཡོད་པ་རེད། མི་མི་ཉུང་བ་ཞིག་མ་གཞི་བྱས་ན་བདེ་སྐྱིད་ཀྱི་འཚོ་བར་བརྩོན་ལེན་བྱེད་ཀྱིན་ཡོད་ནའང་མཐར་ལམ་ལྡོག་པར་འགྱུར་ནས་བདེ་སྐྱིད་ཀྱི་འཚོ་བ་དང་ཐག་རིང་དུ་འགྲོ་གིན་ཡོད། མི་ཚེའི་ནང་ལ་འཚོ་བ་ཡག་པོའམ་བདེ་སྐྱིད་ལྡན་པའི་འཚོ་བའི་བར་ཁྱད་པར་ཆེན་པོ་ཞིག་ཡོད་པ་སྟེ། འཚོ་བ་ཡག་པོ་ཟེར་ན་བདེ་སྐྱིད་ལྡན་པ་མི་མཚོན་ལ་དེ་བས་ཀྱང་དེང་རབས་ཚན་རིག་འཕེལ་རྒྱས་ཀྱི་བཀའ་དྲིན་འོག་མི་མང་ཆེ་བའི་འཚོ་བའི་ཆ་རྐྱེན་ཨོ་ཙམ་གྱི་ཡག་པོ་ཆགས་ཡོད་འདུག་ནའང་། བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ལ་འགྱུར་ཡོད་ཟེར་ན་དེ་ཡང་བཤད་དཀའ་བའི་གནས་སུ་ལྷུངས་ཡོད། གལ་སྲིད་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ལ་སླེབས་ཡོད་ཟེར་ནའང་འཚོ་བའི་ཆ་རྐྱེན་གང་འདྲ་ཞིག་ལ་སླེབས་དགོས་ཡོད་པ་བཤད་དཀའོ། །བདེ་སྐྱིད་ལ་ངོས་འཛིན་གང་འདྲ་གནང་གིན་ཡོད་མེད་དེ་གཙོ་བོ་སྐྱེ་བོ་རང་ཉིད་ལ་རག་ལས་པ་ཞིག་ཡིན་པ་ལས་སྤྱི་ཚོགས་ཐོག་གི་མི་ཡོངས་དང་འབྲེལ་བ་ཐད་དཀར་ཡོད་པ་ཞིག་མིན། འཚོ་བ་ཡག་པོ་ཞིག་ལ་སླེབས་ཡོད་ཟེར་ན་མི་མང་ཆེའི་སེམས་ནང་ཕྱི་དངོས་པོའི་དཔལ་ཡོན་གང་འཚམ་ཞིག་ལ་སླེབས་ཡོད་པ་ལམ་སེང་ཤེས་པར་འགྱུར་སྲིད་ཀྱང་། བདེ་སྐྱིད་ལྡན་པའི་འཚོ་བར་སླེབས་ཡོད་ཟེར་ན་དེ་ནི་ཧ་ཅང་ཚོད་དཔག་བྱེད་དཀའ་བའི་གནད་དོན་ཞིག་ཡིན་པས་སུས་ཀྱང་ཚིག་ཐག་མི་ཆོད་པའི་ལྐོག་འགྱུར་ཞིག་ལས་མ་འདས།

གལ་སྲིད་མི་ཞིག་གིས་བདེ་སྐྱིད་ཀྱི་འཚོ་བའི་ནང་ཕྱི་དངོས་པོའི་དཔལ་ཡོན་ཡང་ཚུད་ཡོད་ཟེར་ན། དེ་ནི་ཕལ་ཆེར་ཤེས་དམན་ནམ་སྤྱི་ཚོགས་ཀྱི་འཚོ་བར་རྒྱུས་མངའ་མེད་པའི་སྐྱེ་བོ་ཞིག་ཡིན་ཚོད་འདའ། དཔེར་ན། སྔོན་བྱོན་མྱོང་བའི་རྩོམ་མཁན་ནམ་མཁས་པ་མང་དག་ཅིག་ཕྱི་དངོས་པོའི་དཔལ་ཡོན་ད་ལྟའི་སྤྱི་ཚོགས་དང་བསྡུར་ཐབས་མེད་ནའང་ཁོང་ཚོའི་སེམས་ནང་གི་འཇིག་རྟེན་དེ་ནི་ཧ་ཅང་གི་བདེ་ཞིང་སྐྱིད་པའི་སྣང་བ་ཞིག་ཡིན་པ་ང་ཚོས་ཁོང་རྣམ་པའི་རྣམ་ཐར་དང་རྟོགས་བརྗོད་དག་ལས་ཤེས་པར་འགྱུར་རོ། །ཡིན་ནའི་དེང་གི་སྤྱི་ཚོགས་དཔལ་འབྱོར་ཆ་རྐྱེན་ཧ་ཅང་གི་ཕུན་སུམ་ཚོགས་ལ་ཕྱི་དངོས་པོའི་དཔལ་ཡོན་སྔོན་མ་དང་བསྡུར་ཐབས་མེད་ལ་འགྲན་ཟླ་བྲལ་བའི་དུས་ཚིགས་འདིར་མི་མི་ཉུང་བ་ཞིག་སེམས་མི་སྐྱིད་པ་དང་། སེམས་ཁམས་མི་བདེ་བའི་ནད་མི་ཉུང་བ་ཞིག་ཐོན་དང་ཐོན་བཞིན་པ་འདི་ནི་ཕྱི་དངོས་པོའི་ཆ་རྐྱེན་མི་འདང་བ་ཡིན་ནམ་ཟེར་ན་དེ་ནི་འུད་གཏམ་ཞིག་ལ་འགྲོ་ངེས་རེད། བྱས་ཙང་བདག་གིས་བསམ་ན་བདེ་སྐྱིད་ལྡན་པའི་འཚོ་བའམ་འཚོ་བ་ཡག་པོ་ཟེར་བ་ནི། ཕྱི་དངོས་པོའི་དཔལ་འབྱོར་ཡག་པོ་ཡོད་པའི་རྨང་གཞིའི་ཐོག་ནང་སེམས་ཁམས་བདེ་མོ་ཞིག་ཡོད་པ་ལ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཟེར་ན་མི་འགྲིག་པ་མེད་དམ་སྙམ། ཕྱི་དངོས་པོའི་ཆ་རྐྱེན་གང་ལ་གང་འཚམ་ཞིག་མེད་ན་དེ་ཡང་བདེ་སྐྱིད་ལྡན་པའི་འཚོ་བར་མཁོ་བའི་ཆ་རྐྱེན་དང་པོ་དེ་ཡིན་པས། མི་ཞིག་ལ་ཕྱི་དངོས་པོའི་ཆ་རྐྱེན་དེ་གང་འཚམ་ཞིག་མེད་ན་མ་མཐར་ཡང་ཉིན་གཅིག་གི་འཚོ་བ་དེར་འདང་རྒྱག་དགོས་པ་ནི་ས་གཞི་འདིར་གནས་པའི་སྲོག་ལྡན་ཡོངས་ཀྱི་མཐུན་མོང་གི་ལུས་ཐོག་ཏུ་གནས་པའི་རང་བྱུང་སྒྲིག་གཞི་ཞིག་ཡིན་པས། དེར་སུས་ཀྱང་གཡོལ་ཐབས་མེད་ལ་དེའི་ཆེད་དུ་ཕན་ཚུན་འཆམ་མཐུན་མི་ཡོང་བ་ལ་སོགས་པའི་འཁྲུག་རྩོད་ཀྱི་རྒྱུ་རྐྱེན་གཙོ་བོ་འཚོ་གནས་ཀྱི་ཆེད་དུ་རང་ཡིན། དེ་ནས་རིམ་བཞིན་བདེ་སྐྱིད་གླེང་བར་བྱ་ལ་འཚོ་བའི་ཆ་རྐྱེན་གང་འཚམ་ལྡན་པའི་རྨང་གཞིའི་འོག་གཞི་ནས་བསམ་པའི་དཔལ་ཡོན་འཚོལ་བར་བྱ་རྒྱུ་ནི་འཇིག་རྟེན་ལུགས་དང་མཐུན་པའི་ཆོས་ཉིད་ཅིག་ཡིན། བསམ་པའི་དཔལ་ཡོན་འཚོལ་བར་བྱ་བ་ལ་རིག་གནས་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་རང་རང་གི་འཚོ་བ་དང་འབྲེལ་བའི་རིག་གནས་ཤིག་ལ་སེམས་ཀྱི་བརྟེན་ས་བྱས་ཏེ། རིག་གནས་དེ་ལས་ནང་སེམས་པའི་བདེ་སྐྱིད་ཅིག་སྙེད་ཐབས་བྱས་ནས་མཐར་ཕྱི་དངོས་པོའི་དཔལ་འབྱོར་དང་ནང་སེམས་པའི་རིག་གནས་དེ་དང་གཅིག་ལ་གཅིག་འབྲེལ་ཐུབ་པར་བྱས་ན་ད་གཟོད་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ལ་རོལ་བར་ཐག་མི་རིང་སྙམ་མོ། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博