སྐྱིད་ཆུ་སྔོན་མོ་ཡི་གཡོན་ངོས་ན་ཡོད་པའི་སློབ་རའི་སྒྲ་དབྱངས་དང་ལྷན་དུ་ཕྱི་དྲོ་ཡི་ཚོགས་ཐེངས་བཞི་པ་གྲོལ་བ་ན་སློབ་མ་རྣམས་ཀྱི་གདོང་ནས་འཛུམ་གྱི་པད་མ་བཞད་ཅིང་དཔེ་ཁུག་རྒྱབ་དུ་ཁུར་ནས་དགའ་དགའ་སྤྲོ་སྤྲོའི་ངང་མ་གྲོས་གཅིག་མཐུན་སྒོ་ནས་ཕ་ཁྱིམ་དྲོན་མོར་ལོག་སོང་། ནམ་རྒྱུན་དཔེ་ཀློག་གི་དབྱངས་སྒྲ་དང་བཤེས་གཉེན་བཟང་པོའི་དྲི་ཟའི་དབྱངས་ཀྱི་གདམས་ངག་གིས་ཕྱུག་པའི་རིག་པའི་དོ་ར་འདི་དེ་མ་ཉིད་དུ་དབེན་གནས་ཤིག་ཏུ་གྱུར།
སློབ་གྲྭ་གྲོལ་བ་ན་ང་ཡང་གྲོང་མཐའ་ནས་གྲོང་དཀྱིལ་དུ་བྱ་འཕུར་བ་ལྟར་ལོག་པར་འགོ་ཚུགས། རང་གི་གཟའ་མཇུག་གི་སྦྱོང་ཚན་རྣམས་དཔེ་ཁུག་ལ་བླུགས་རྗེས་སློབ་རའི་རྒྱལ་སྒོ་ཐོན་ནས་གཡོན་འདབས་ཀྱི་ལམ་འགྲམ་གྱི་རྒྱ་ལྕང་འོག་འཁོར་རྒྱུག་རླངས་འཁོར་སྒུག་ནས་ཡུད་ཙམ་བསྡད་ཀྱང་གྲིབ་མ་ཙམ་ཡང་མི་འདུག ཚུ་ཚོད་ལ་ལྟ་ཙམ་བྱས་ཚེ་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལས་ཟིན་མེད། ནམ་རྒྱུན་རྐང་གཉིས་ལ་བརྟེན་ནས་འགྲོ་བའི་གོམས་གཤིས་མེད་པས་སྐབས་དེར་གོམ་པ་བརྒྱབ་ནས་སོང་ན་ཕྱི་རོལ་གྱི་ཁོར་ཡུག་གསར་པ་དག་ལ་མྱོང་རོལ་བྱ་བའི་གོ་སྐབས་ཡག་པོ་ཞིག་ཐོབ་སྙམ་སྟེ་གོམ་ཆུང་འདོམ་ལ་འཇལ་མགོ་བརྩམ། རྟ་བདུན་དབང་པོ་ཡི་གཟི་བྱིན་འོག་གཡས་ངོས་ཀྱི་གཞུང་ལམ་ཐོག་བུ་ཕྲུག་བསུ་མཁན་གྱི་མོ་ཊ་ཕྲེང་བ་བཞིན་གློག་ལྗང་སྒུག་བཞིན་དུང་སྒྲ་ཡི་ཙེར་སྒྲ་ནི་རྒྱུན་མི་ཆད་པར་གྲག་གིན་གཡས་ཟུར་གཡོན་ཟུར་ངང་བང་ཁ་འགྲན་པ་བཞིན་རྔ་ཆེན་ཟམ་ཆེན་ཕྱོགས་སུ་འཕུར་འགྲོ། རང་ཉིད་ག་ལེར་ཕྱི་རོལ་གྱི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་ཀྱིན་ཅི་སོང་མི་ཤེས་པར་རྔ་ཆེན་ཟམ་སྟེང་ལ་སླེབས་སོང་། ཟམ་ངོས་ཀྱི་ལག་སྐྱོར་ལ་སྲོད་ཀྱི་ཉི་ཟིར་ཕོག་པ་ན་ལྕགས་རིགས་ལས་འོད་ཆེམ་ཆེམ་དུ་འཕྲོ་ཞིང་ལྷུང་ལྷུང་དུ་རྒྱུ་བའི་སྐྱིད་ཆུ་གཙང་པོ་དེ་ཡང་ལྷ་ལྡན་གྲོང་གི་གཡས་གཡོན་ངོས་ནས་སྦྲུལ་ཆེན་ཞིག་དང་འདྲ་བར་འཁྱུག་འགྲོས་ཀྱི་སྒོ་ནས་བྱིའུ་ཆུང་ཅོ་ཀའི་གསུང་སྙན་དང་ལྷན་དུ་ལྷོ་ཕྱོགས་སུ་བཞུར་འགྲོ། དེ་ནས་རིམ་བཞིན་མོ་ཊའི་དུང་སྒྲ་དང་བྱིས་པའི་དགོད་སྒྲ། རྒན་འཁོགས་རྣམས་ཀྱི་མ་ཎིའི་སྒྲ་དབྱངས་བཅས་བདག་གི་རྣ་ལམ་དང་ཇེ་རྒྱང་ཇེ་ཆུང་དུ་སོང་། ལམ་འགྲམ་ན་ཡོད་པའི་གློག་སྒྲོན་ཡང་འོད་ཆེམ་ཆེམ་དུ་འཕྲོ་ཞིང་འ་འུར་གྱི་འཁྲུག་ཆས་བརྒྱན་པའི་ གྲོང་ཁྱེར་འདི་ཡང་འཇམ་ཐིང་གི་དབེན་གནས་ཤིག་ལ་འགྱུར་སོང་ངོ་། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེད་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།