ཁྲི་གདུགས་ཉི་མ་དགུང་ལ་ཤར་ནས་འཇིག་རྟེན་སྲིད་པའི་སྐྱེ་དངོས་ཐམས་ཅད་གསལ་ཡང་སློབ་མའི་ཤེས་བྱའི་ལམ་བུའི་མུན་པ་ནི་སེལ་མི་ཐུབ། འོ་ན་འདི་དག་གང་གིས་གསལ་ཞེ་ན། དེ་ནི་མུན་སེལ་སྒྲོན་མེ་དང་འདྲ་བའི་དགེ་བའི་བཤེས་གཉེན་དག་རེད། ཁོང་རྣམས་ནི་ང་ཚོ་སློབ་མ་མང་ཆེ་བའི་མི་ཚེ་གང་པོའི་ནང་ཕ་མ་གཉིས་ཕུད་པའི་བཀའ་དྲིན་ཆེ་ཤོས་དེ་ཡིན།
མིའི་མི་ཚེའི་ལམ་བུ་ནི་ལེ་དབར་ཁྲི་ཁྲག་དུ་མའི་རྒྱུག་ཤར་ཞིག་དང་མཚུངས། ལམ་ཐག་རིང་པོ་ཞིག་རེད་བརྗོད་ན་འདི་འདྲའི་རིང་པོ་ཞིག་མ་ཡིན་ཡང་ཐུང་ངུ་ཞིག་རེད་བརྗོད་ན་འདི་འདྲའི་ཐུང་ངུ་ཞིག་ག་ལ་ཡིན་སྲིད། དེ་འདྲའི་མི་ཚེའི་ནང་དུ་ང་ཚོར་སྐྱེ་བོ་དགུང་ཨ་སྔོན་དབྱིངས་ཀྱི་སྐར་ཚོགས་དང་འདྲ་བ་གྲངས་ལས་འདས་པ་ཞིག་འཕྲད་སྲིད། འདིའི་ཁྲོད་ནས་ལ་ལ་ནི་རང་ལ་ཕན་བདེ་དུ་མ་བསྐྲུན་མཁན་དང་། ལ་ལ་ནི་རང་གི་མི་ཚེ་གང་པོའི་དགྲ་རུ་འགྱུར་སྲིད། གུས་པའི་ཆུ་ཕྲན་དང་འདྲ་བའི་མི་ཚེའི་ནང་དུ་ཆེས་བརྗེད་པར་མི་སྲིད་པའི་མི་ཞིག་འཕྲད་པ་ནི་གུས་པའི་དམའ་འབྲིང་སྐབས་ཀྱི་རྒན་ལགས་ཡིན། ཁོང་ནི་སྐུ་གཟུགས་གླང་ཆེན་དབུས་ཀྱི་བེའུ་ལྟར་ཆེས་ཆུང་ལ་ཕྲ་བ་དང་། དབུ་སྐྲ་སོས་ཀའི་སྤང་རྩྭ་ལྟར་ཐུང་བ། ཞལ་རས་ཅུང་སེར་བ་ཞིག་ཡོད། ཁོང་གི་ང་ལ་གནང་བའི་བྱམས་བརྕེ་ནི་ཁོང་རང་ཉིད་ཀྱི་ཕྲུ་གུར་གནང་བ་དང་གཉིས་སུ་མེད། གུས་པ་ཡང་སློབ་ཆུང་ནས་སློབ་འབྲིང་དུ་སླེབས་སྐབས་བོད་ཡིག་གི་སྦྱངས་འབྲས་ནི་མར་ངོའི་ཟླ་བ་ལྟར་ཡིན། འོན་ཀྱང་ཁོང་གི་ང་རང་ལ་སློབ་མ་གཞན་དང་མི་འདྲ་བའི་ལྟ་སྐྱོང་ཞིག་གནང་བྱུང་བས་དེའི་རྗེས་སུ་གུས་པའི་སྦྱངས་འབྲས་ནི་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་དུ་འཕེལ་རྒྱས་བྱུང་།
གནའ་མིའི་གཏམ་དཔེ་ལ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མཚན་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་པ་ལྟར་འདས་པའི་ལོ་ཟླའི་ནང་བྱུང་མྱོང་བའི་རླབས་ཆེན་གྱི་སྐྱེས་བུའམ་མཁས་པ་ཆེན་པོ་ལ་སོགས་པའི་མི་ཅི་འདྲ་ཞིག་ཡིན་རུང་མུན་སེལ་སྒྲོན་མེ་དང་འདྲ་བའི་དགེ་བའི་བཤེས་གཉེན་མེད་ན་ད་ལྟ་སྐད་གྲགས་སམ་མིང་གྲགས་ཞིག་ག་ལ་ཐོབ་སྲིད། ང་ཚོས་རྒྱུས་མངའ་ཡོད་དང་ཡོད་བཞིན་པའི་རྗེ་བཙུན་མི་ལ་རས་པ་ཁོང་ཡང་དེ་ལྟར་གྲགས་པ་ཆེ་དོན་ནི་ཁོང་གི་བླ་མ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་མཛད་རྗེས་ཡིན། དེ་ཕྱིར་དགེ་བའི་བཤེས་གཉེན་ནི་འདི་འདྲའི་བཀའ་དྲིན་ཆེ་བ་ཞིག་རེད།
ངེད་ཚོ་སློབ་མ་རྣམས་ལ་འཕྲད་པའི་དཀའ་ངལ་ནི་སྤང་རིའི་སྟེང་གི་མེ་ཏོག་བཞིན་དུ་གྲངས་ལས་འདས། འདི་དག་ནི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཐག་གཅོད་བྱེད་རོགས་གནང་གི་ཡོད། འཕྲད་པའི་དཀའ་ངལ་ནི་སློབ་སྦྱོང་གཅིག་པུ་མ་ཡིན་པར་སྐབས་འགར་འཚོ་བའི་དཀའ་སྡུག་ཡང་འཕྲད་ཀྱི་ཡོད། ཇི་ལྟར་ཡང་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་ཉིད་ཀྱི་དུས་ཚོད་ཡོད་ཚད་བེད་སྤྱད་ནས་ང་ཚོར་རོགས་རམ་དང་ཐུགས་ཁུར་ཚད་མེད་གནང་གི་ཡོད། མི་ཚེ་འདིའི་ནང་དུ་གཞན་ཕན་ཆེད་དུ་རང་དོན་བློས་གཏོང་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཁོང་རྣམས་འཕྲད་པ་ནི་ང་ཚོའི་བསོད་ནམས་ཡིན།
མིའི་མི་ཚེ་ནི་སྐྱིད་གསུམ་སྡུག་གསུམ་ཡིན། དེའི་ནང་དུ་ང་ཚོར་དཀའ་ངལ་གྲངས་ལས་འདས་པ་འཕྲད་སྲིད་པས་འདི་དག་ལ་རོགས་རམ་དང་ལམ་སྣེ་འདྲེན་མཁན་ནི་ནམ་ཡང་ང་ཚོའི་བརྩེ་བའི་དགེ་བའི་བཤེས་གཉེན་ཁོང་རྣམས་ཡིན། ངས་དུས་སྐབས་བཟང་པོ་འདི་དང་བསྟུན་ནས་གཞན་ཕན་ལས་ལ་བརྩོན་པའི་གནམ་འོག་གི་དགེ་བའི་བཤེས་གཉེན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངེད་ཚོ་སློབ་མ་རྣམས་ཀྱི་རྨོངས་པའི་མུན་པ་སེལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུའོ། །
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣(༣)
ཟུར་ཁྲིད་དགེ་རྒན། ཉི་མ་མཚམས་གཅོད།