གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་ཆུང་གཉིས་པའི་ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པའི་སློབ་མ་ཀྲང་ཧྥན་ནི་དགེ་རྒན་ལ་གུས་ཞབས་ཆེ་ཞིང་སློབ་གྲོགས་དང་མཐུན་སྒྲིལ་ཆེ་བའི་བུ་མོ་ཞིག་རེད། ཁོ་མོས་དོ་དོ་ཏན་ཏན་དང་འབད་བརྩོན་ཧུར་ཐག་གིས་སློབ་སྦྱོང་བྱས་པས“བཟང་པོ་གསུམ་ལྡན་གྱི་སློབ་མ་དང་། ཕུལ་བྱུང་གི་སློབ་མའི་ལས་བྱེད་པར”ཐེངས་མང་བདམས་པ་དང་དགེ་རྒན་དང་སློབ་གྲོགས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དུས་རྒྱུན་འཚོ་བའི་ནང་ཁོ་མོ་ནི་གཞན་ལ་རོགས་པ་བྱེད་རྒྱུར་དགའ་ཞིང་། སྤྱང་གྲུང་འཛོམས་ལ་གུས་ཞབས་ཆེ་བས། གྲོང་པ་ཁྱིམ་མཚེས་ཀྱི་མིག་ནང་ཁོ་མོ་ནི་རང་རྐྱ་འཕེར་ཞིང་ཁ་དན་ཚིག་ལ་གནས་མཁན་གྱི་ལོ་ཆུང་བཟང་པོ་ཞིག་རེད།
ཀྲང་ཧྥན་སྦྱངས་བརྩོན་ཆེ་ཞིང་། སློབ་ཚན་མ་འཚོག་གོང་སྔོན་སྦྱོང་དང་། སློབ་ཚན་གྲོལ་རྗེས་དུས་ཐོག་ཏུ་བསྐྱར་སྦྱོང་བྱེད་པ་ནི་ཁོ་མོའི་གོམས་གཤིས་སུ་གྱུར་ཡོད། འཛིན་གྲྭའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་དགེ་རྒན་གྱིས་སྤྲད་པའི་ལས་འགན་རྣམས་ལེགས་གྲུབ་ཧུར་ཐག་བྱེད་པ་མ་ཟད། ད་དུང་རྒན་ལགས་ལ་འཛིན་གྲྭའི་དོན་དག་སྒྲུབ་རོགས་བྱེད་ཀྱི་ཡོད། འཛིན་གྲྭའི་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ལའང་ཁོ་མོས་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། སློབ་གྲྭས་གཅེས་སེམས་འབུལ་བའི་སྤྱི་ཕན་བྱེད་སྒོའམ་ཡང་ན་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱེད་སྐབས་ཁོ་མོས་རྟག་ཏུ་ཨང་དང་པོར་དོན་ཏེ་དཔེ་དེབ་ཞལ་འདེབས་འབུལ་བ་དང་གཞན་ལ་རོགས་པ་སོགས་བྱེད་ཀྱི་ཡོད།
ཁོ་མོ་ནི་འཚོལ་ཞིབ་དང་ཚོད་ལྟ་བྱེད་ཕོད་ལ། རང་ཉིད་ལས་རྣམ་པར་རྒྱལ་བར་བྱེད་མཁན་ཞིག་རེད། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞིར་གསལ་འགྲེལ་བ་དགོས་ཀྱི་ཡོད་པ་ཤེས་འཕྲལ། ཁོ་མོས་གསལ་འགྲེལ་བའི་བརྙན་ལམ་བལྟས་པ་དང་དགེ་རྒན་གྱི་མཛུབ་ཁྲིད་བརྒྱུད་རང་ཉིད་ལ་སྦྱོང་བརྡར་ཟམ་མི་ཆད་པར་སྤྲས་རྗེས་གསལ་འགྲེལ་གྱི་ཆུ་ཚད་དང་གསལ་འགྲེལ་བྱེད་སྟངས་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། དེ་དང་ཆབས་ཅིག་ཁོ་མོས་ད་དུང་སློབ་གསེང་གི་དུས་ཚོད་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་ཤེས་བྱ་རྒྱུས་ལོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བས། ཀུན་གྱིས་ཁས་ལེན་པའི“མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་ཆུང་ངུར”གྱུར་ཡོད།
ཀྲང་ཧྥན་གྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེན་པོ་བྱེད་ཅིང་། ཆུང་དུས་ནས་བོད་དུ་འཚོ་བ་བསྐྱལ་བས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེན་པོ་སྐྱེས། རྟེན་མཛོད་ཁང་དུ་ལྟ་སྐོར་དང་། དཔེ་དེབ་ཀློག་པ། དགེ་རྒན་དང་སློབ་གྲོགས་ཚོར་སྐད་ཆ་འདྲི་བ་སོགས་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དེ་བས་རྒྱུས་ལོན་བྱུང་ཡོད།
བསྟན་བློས་བསྒྱུར།