ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་བློ་བཟང་ཆོས་སྐྱིད་ཀྱིས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་། སྒྲིག་བཀུར་ཁྲིམས་སྲུང་བཅས་བྱས་ནས་རྒྱང་རིང་གི་ཕུགས་བསམ་དང་ཡང་དག་པའི་མི་ཚེའི་དམིགས་ཡུལ་འཆང་བཞིན་ཡོད། སློབ་གྲྭའི་རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་ཁོངས་མི་ཞིག་གི་ངོས་ནས། ཁོ་མོས་གཟའ་འཁོར་རེའི་གཟའ་ཟླ་བ་དང་། གནམ་ལོ་གསར་ཚེས། རྒྱལ་སྟོན་སོགས་དུས་མཚམས་གལ་ཆེན་ལ་རྒྱལ་དར་སྒྲེང་བ་དང་དར་ཆ་སྲུང་བའི་ལས་འགན་འཁུར་བཞིན་ཡོད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་དཔོན་འབྲིང་བ་དང་ཀུན་སྤྱོད་སློབ་གསོ་ཁང་གི་འགྲེལ་བཤད་པའི་ངོས་ནས། བློ་བཟང་ཆོས་སྐྱིད་ཀྱིས་གཟི་བརྗིད་ལྡན་པའི་ལས་འགན་སྒྲུབ་སེམས་འཆང་བཞིན་རང་ཉིད་ལ་རེ་བ་ནན་པོ་བཅོལ་ཏེ་ཏང་གི་ལོ་རྒྱུས་དང་རུ་ཁག་གི་ལོ་རྒྱུས་ཡག་པོ་བརྗོད་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་ཀྱི་ཡོད།
སློབ་སྦྱོང་བྱེད་རིང་། བློ་བཟང་ཆོས་སྐྱིད་སྤྱང་གྲུང་དོད་པ་དང་དཔེ་དེབ་ཀློག་པར་དགའ་བ་མ་ཟད། བརྩོན་སེམས་ཆེ་བ་དང་དཀའ་སྡུག་ལ་མི་སྐྲག་པའི་བློ་སྟོབས་ཤིག་ཀྱང་ཡོད། བློ་བཟང་ཆོས་སྐྱིད་ཀྱིས་སློབ་གྲོགས་ལ་རོགས་རམ་གང་ཐུབ་བྱེད་ཅིང་། སློབ་གྲོགས་གཞན་དག་ལ་སློབ་སྦྱོང་ཐད་དཀའ་ངལ་འཕྲད་སྐབས་ཁོ་མོས་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་པ་དང་རང་གི་ནུས་པས་ལྕོགས་ཚོད་ཀྱིས་གཞན་ལ་རོགས་རམ་བྱེད་ཀྱི་ཡོད་པས། ཁོ་མོ་ནི་སློབ་མའི་སེམས་ནང་གི“དགེ་རྒན་ཆུང་ངུར”གྱུར་ཡོད། བློ་བཟང་ཆོས་སྐྱིད་དཀའ་སྤྱད་སྙིང་རུས་ཆེ་བ་དང་སློབ་སྦྱོང་ལ་སྦྱངས་བརྩོན་ཆེ་བས་ལོ་མང་བསྟུད་མར་སློབ་ཚན་ཁག་གི་སྦྱངས་འབྲས་མདུན་གྲལ་དུ་སླེབས་ཏེ“ཕུལ་བྱུང་གི་སློབ་མ”དང“བཟང་པོ་གསུམ་ལྡན་གྱི་སློབ་མ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་འཐོབ་མྱོང་ཡོད།
ལོ་མང་རིང་བློ་བཟང་ཆོས་སྐྱིད་ཀྱིས་རང་ཉིད“ལོ་ཆུང་གདོང་ལེན་རུ་མི”ཞིག་ཡིན་པ་སེམས་ལ་བརྟན་པོར་ངེས་ནས་སློབ་སྦྱོང་དང་བྱེད་སྒོར་དགེ་རྒན་གྱིས་སྤྲད་པའི་ལས་འགན་ཡིན་ཚེ་ཁོ་མོས་རྟག་ཏུ་རང་འགན་གཙང་སྒྲུབ་དང་སེམས་ནུས་ཡོད་རྒུས་ལེགས་པར་སྒྲུབ་ཀྱི་ཡོད། ཁོ་མོའི་འགན་སེམས་ལ་རྒན་ལགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།
བློ་བཟང་ཆོས་སྐྱིད་རང་རྐྱ་འཕེར་ལ་གདེང་སྤོབས་ཆེ་བ་དང་། བློ་བག་ཡངས་ལ་སློབ་ལ་བརྩོན་པ། དགའ་ཕྱོགས་མང་བ་བཅས་ཡོད་པས། ཁོམ་པ་ཡོད་རིམ་བཞིན་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ཀྱི་ཡོད། 2021ལོའི་ཆབ་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་ཁྲུང་ཆིང་གྲོང་ཨུད་དྲིལ་བསྒྲགས་པུའུ། ཁྲུང་ཆིང་གྲོང་ཁྱེར་གྱི“སྐེ་དར་དམར་པོའི་འབོད་སྒྲ”བཅས་ཀྱིས་མཉམ་དུ་གཉེར་བའི“འབྱུང་འགྱུར་དོན་དུ་དཔེ་དེབ་ཀློག”པའི་ལྟ་ཀློག་འགྲན་བསྡུར་ཆེན་པོར་ཨང་གསུམ་པ་འཐོབ་མྱོང་ཡོད། བློ་བཟང་ཆོས་སྐྱིད་ལྟ་ཀློག་དང་རྩོམ་འབྲིར་དགའ་པོ་ཡོད་པས་ཁོ་མོའི་རྩོམ་ཡིག《ངའི་མེས་རྒྱལ》2022ལོའི་ཟླ་ལྔ་པར“བོད་ལྗོངས་མྱུར་བཤེར”དུ་བཀོད་ཡོད། ཁོང་གིས་ཏང་གཅེས་དང་། རྒྱལ་གཅེས། རྒྱལ་ཁབ་ལ་དྲིན་ལན་འཇལ་བ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བརྩེ་སེམས་བཅས་ཡིག་ཐོག་ནས་མངོན་པར་བྱས་ཏེ། སྤྲོ་སེམས་ཆེན་པོས་ཁོ་མོ་ནི་ཀྲུང་གོ་བ་ཞིག་ཡིན་པའི་སྤོབས་སེམས་དང་འགན་སེམས་མཚོན་པར་བྱས་ཡོད།
བསྟན་བཟང་གིས་བསྒྱུར།