http://zw.xzqnb.cn/Content/weixinlogo.png
དགུན་ཁ་སླེབས་པ་དང་ས་གཞིའི་སྟེང་དུ་ཁ་བས་བཀབ་ཅིང་རླུང་བུ་འུར་འ
http://zw.xzqnb.cn/m/content/2023-08/11/000212.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སྐྱིད་སྡུག་འདྲེས་མའི་དགུན་དུས་འདིར།

༄༅། །བདག་གི་དམའ་འབྲིང་གི་འཚོ་བ།

༄༅། །དུས་ཚོད།

等待处理…

༄༅། །སྐྱིད་སྡུག་འདྲེས་མའི་དགུན་དུས་འདིར།

作者 འོད་གསལ་སྒྲོལ་མ།
2023年08月11日

དགུན་ཁ་སླེབས་པ་དང་ས་གཞིའི་སྟེང་དུ་ཁ་བས་བཀབ་ཅིང་རླུང་བུ་འུར་འུར་དུ་ལྡང་། སློབ་མ་ཚོའི་གདོང་པ་དང་ལག་པ་ཡོངས་ཕྱིད་ནས་ཀུ་ཤུའི་མདོག་ལྟར་དམར་པོར་འགྱུར་བས། མགོ་ལུས་རྐང་གསུམ་ལ་ལུས་དྲོད་སྲུང་པའི་གོས་རིགས་སྣ་ཚོགས་མཐུག་པོར་གྱོན་གྱི་ཡོད། གྲང་ངར་ཇི་ལྟར་ཆེ་ན་ཡང་སློབ་མ་ཚོའི་སྐྱ་ཐིང་ཐིང་གི་ཁ་བའི་ཁྲོད་དུ་ཁ་བ་གཞུ་རེས་བྱེད་པ་དང་། ཁ་བའི་མི་བཟོ་བ་སོགས་ཀྱི་དགའ་ཕྱོགས་ལ་ཤུགས་རྐྱེན་གཏན་ནས་ཐེབས་ཀྱི་མེད། འདི་ནི་དགུན་དུས་འདིའི་ཆེས་མཛེས་ཤོས་ཀྱི་ངོ་རིས་ཤིག་ཏུ་གྱུར་ཡོད།

གཟའ་ཉི་མའི་དུས་སུ། སློབ་ཕྲུག་ཚོས་སློབ་གོས་ཕུད་ནས་རང་རང་ཆེས་དགའ་ཤོས་ཀྱི་གོས་དེ་གྱོན་གྱི་ཡོད་པས། གོས་མདོག་མཚུངས་པའི་སློབ་གྲྭ་དེ་ཡང་སྐད་ཅིག་རིང་མེ་ཏོག་སྣ་བརྒྱ་བཞད་པའི་སྐྱེད་ཚལ་ཞིག་དང་གཉིས་སུ་མེད། གཟའ་ཉི་མའི་དུས་སུ་ནམ་རྒྱུན་སློབ་ཚན་འཚོགས་སྐབས་ལྟར་སྒྲིག་ལམ་ནན་པོ་མེད་པས། དུས་རྒྱུན་ལས་རྫི་གསང་རྣོ་བ་དང་ཕར་ལྟ་ཕར་ཚུར་ལྟ་ཤིག་གེར་ཡོད། ཁ་ཤས་མགོ་བོ་མཉམ་དུ་རུབ་ནས་གླེང་མོལ་བྱེད་ཅིང་། ཁ་ཤས་ནི་སློབ་ཁང་མདུན་དུ་རྐང་རྩེད་སྤོ་ལོ་རྒྱག་པ་སོགས་རྩེད་མོ་སྣ་ཚོགས་རྩེ་ཡི་ཡོད། མ་གཞི་སློབ་གྲྭ་བཀག་སྡོམ་བྱས་པས་གཟའ་ཉི་མར་སློབ་གྲྭའི་ཕྱི་ལོགས་སུ་འགྲོ་མི་ཆོག་ན་ཡང་སློབ་ཁང་དུ་བརྙན་འཕྲིན་བསྟན་གྱི་ཡོད་པས་སློབ་ཕྲུག་ཚང་མ་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།

དེ་ལྟར་སློབ་གྲྭའི་ནང་དུ་ཉམས་དགའ་བའི་རྣམ་པ་དུ་མ་མཐོང་རྒྱུ་ཡོད་ན་ཡང་། སྐབས་རེར་ང་རང་ཕ་མ་དྲན་པ་དང་ཕ་ཡུལ་དུ་ལོག་འདོད་ལངས་ཏེ་སེམས་པ་སྐྱོ་ལྷང་ལྷང་དུ་འགྱུར་ཞིང་སྡུག་གི་མཆི་མ་སིམ་སིམ་དུ་ལྷུང་། ང་ཚོའི་འཛིན་གྲྭའི་སློབ་མ་རྣམས་འཆམ་མཐུན་ཆེ་བས་རྒྱུན་དུ་སློབ་མ་གཅིག་ལ་སེམས་པ་མི་སྐྱིད་པ་བྱུང་ན་ཕན་ཚུན་ལྷན་དུ་འདུས་ནས་སེམས་གསོ་བྱེད་རེས་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པས། རང་གི་སྐྱོ་གདུང་ཡང་ག་ལེར་ཡལ་འགྲོ་གི་ཡོད། དེ་ཡང་བདེན་ཏེ། སློབ་གྲྭ་འདིར་རང་གཅིག་པུ་མིན་པར་སློབ་མ་ཤིན་ཏུ་མང་པོ་ཡོད་པ་དང་། སློབ་གྲྭའི་ནང་གི་དགེ་སློབ་ཚང་མ་ཕ་ཡུལ་གྱི་ཕ་མ་དང་བྲལ་ནས་ཡོང་བ་ཤ་སྟག་ཡིན་པས། ཕ་ཡུལ་དུ་ཡོད་པའི་ཕ་མ་མི་དྲན་པ་སུ་ཞིག་ཡོད། འོན་ཀྱང་ཚང་མས་རང་འགན་རང་ཁུར་གྱིས་ལས་འགན་ལེགས་སྒྲུབ་མ་ཚར་བར་དུ་ངང་རྒྱུད་རིང་པོས་སུན་སྣང་ཡོད་ཚད་ཁྱད་དུ་གསོད་པ་ཡིན། འདི་ལྟར་བསམ་བློ་གཏོང་སྐབས་རང་གི་སྐྱོ་སྣང་ཡང་རིམ་བཞིན་གཏིང་བརྗེད་དུ་འགྲོ་བ་དང་། སྣང་བ་ཇེ་སྐྱིད་དུ་ཕྱིན་ཏེ་སེམས་པ་ཡང་རྩེ་གཅིག་གིས་སློབ་སྦྱོང་ཐོག་གནས་ཐུབ་ཀྱི་འདུག །དགེ་རྒན་ཚོས་སློབ་མའི་སེམས་པ་གསོ་ཕྱིར་གཟའ་ཉི་མའི་དུས་སུ་མངར་ཆའི་རིགས་ཉོས་ནས་སྟེར་གྱི་ཡོད་པས། ཕྱི་ལོག་ཏུ་འགྲོ་མི་ཆོག་རུང་ང་ཚོའི་གནས་སྐབས་ཀྱི་ཟས་འདུན་སྐོང་ཐུབ་ཀྱི་ཡོད།

དགུན་དུས་འདིར་བཀྲ་མི་ཤིས་པའི་དོན་དག་མང་པོ་ཞིག་བྱུང་ན་ཡང་། ང་ཚོས་གཙང་སྦྲ་ལ་དོ་སྣང་དང་ནད་ཡམས་སྔོན་འགོག་གི་ལས་ཀར་ཧུར་ཐག་གིས་ཞུགས་པ། རང་སེམས་རང་གིས་གཅུན་ཏེ་སློབ་ལ་རྩེ་གཅིག་གིས་གཞོལ་བས། རང་ལ་དགོས་པའི་བདེ་ཐང་དང་སྦྱངས་འབྲས་གཉིས་ཀ་ཐོབ་ཡོད།

སློབ་གྲོགས་ཚོ་ལྷན་དུ་སྡོད་པའི་དུས་སྐབས་ནི་ཧ་ཅང་སྐྱིད་དེ། སྐབས་རེ་མི་སྐྱིད་པའི་དོན་དག་རེ་འགའ་བྱུང་ཡང་། སྐྱོ་གདུང་ལས་སྤྲོ་སྣང་མང་བ་དང་། སྡུག་བསྔལ་ལས་བདེ་སྐྱིད་འབེལ་བ་ཡོད་པས། སློབ་གྲྭར་འགྲོ་བའི་དུས་སྐབས་འདི་ནམ་ཡང་བརྗེད་མི་སྲིད་ཅིང་། ལྷག་པར་དུ་སྐྱིད་སྡུག་མཉམ་མྱོང་གི་དགུན་དུས་འདི་དེ་བས་ཀྱང་བརྗེད་མི་སྲིད་དོ། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博