1989ལོ།(1)
★ དཔྱིད་དབྱར་གྱི་མཚམས་སུ། པེ་ཅིང་དང་གྲོང་ཁྱེར་གཞན་དག་ཁག་གཅིག་ཏུ་ཆབ་སྲིད་ཀྱི་ཟིང་ཆ་ལངས་ཤིང་། ཏང་དང་སྲིད་གཞུང་གིས་མི་དམངས་ལ་བརྟེན་ནས་དར་ཆ་གསལ་སྟོན་གྱིས་ཟིང་འཁྲུག་ལ་ངོ་རྒོལ་བྱས་མཐར། པེ་ཅིང་དུ་ལངས་པའི་གསར་བརྗེར་ངོ་རྒོལ་བྱེད་པའི་དྲག་པོའི་ཟིང་འཁྲུག་ཞོད་འཇགས་སུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོང་དང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་མུ་མཐུད་མདུན་སྐྱོད་འགན་ལེན་བཅས་ཐུབ་ཡོད། ཟླ་6ཚེས་9ཉིན། ཏེང་ཞའོ་ཕིང་གིས་རྒྱལ་སའི་ཉེན་ཟོན་དམ་བསྒྲགས་དཔུང་སྡེའི་ཅུན་རིམ་པ་ཡན་གྱི་ལས་བྱེད་པ་དང་མཇལ་འཕྲད་གནང་སྐབས། པེ་ཅིང་དུ་ལངས་པའི་ཆབ་སྲིད་ཀྱི་ཟིང་ཆ་ནི་རྒྱལ་སྤྱིའི་དུས་བབ་ཆེན་པོ་དང་ཀྲུང་གོ་རང་ཉིད་ཀྱི་དུས་བབ་ཆུང་ངུ་ལས་ཐག་བཅད་པ་ཞིག་རེད་ཅེས་གསུངས་པ་དང་། ཡང་ཁོང་གིས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། གཏན་འབེབས་བྱས་པའི་གཞི་རྩའི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས། འཕེལ་རྒྱས་ཀྱི་འཐབ་ཇུས་བཅས་ནི་ཡང་དག་པ་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
★ ཟླ་5ཚེས་16ཉིན། ཏེང་ཞའོ་ཕིང་གིས་འཚམས་འདྲིར་ཕེབས་པའི་སུའུ་ལེན་གྱི་ཆེས་མཐོའི་སུའུ་ཝེ་ཨེད་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་དང་སུའུ་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀེར་པཱ་ཆའོ་ཧྥུའུ་དང་མཇལ་འཛོམས་གནང་ནས། ཀྲུང་སུའུ་འབྲེལ་བ་རྒྱུན་གཏན་དུ་གྱུར་པ་རེད།
★ ཟླ་6ཚེས་16ཉིན། ཏེང་ཞའོ་ཕིང་གིས་ཀྲུང་དབྱང་གི་འགན་ཁུར་བློ་མཐུན་འགའ་ཤས་དང་གླེང་མོལ་གནང་སྐབས། ཁོང་གིས་འགོ་ཁྲིད་ཚོགས་པ་གང་ཞིག་ཡིན་རུང་དེར་སྲོག་ཤིང་ཞིག་དགོས། སྲོག་ཤིང་གི་འགོ་ཁྲིད་གཅིག་མེད་ན་བློས་འགེལ་མི་ཐུབ། ང་ཚོས་ཕྱོགས་གཅིག་ནས་སྒྱུར་བཅོས་སྒོ་དབྱེར་དམ་འཛིན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རུལ་སུངས་ལ་ཆད་པ་གཅོད་དགོས། དོན་དག་འདི་གཉིས་ཟུང་འབྲེལ་བྱེད་དགོས་ཞེས་གསུངས་པ་རེད།
★ ཟླ་6ཚེས་23ཉིན་དང་ཚེས་24ཉིན། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཏང་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཟིང་འཁྲུག་ལ་བློ་མཐུན་ཀྲའོ་ཙི་དབྱང་གི་ནོར་འཁྲུལ་སྐོར་གྱི་སྙན་སེང》ལ་གྲོས་འཆམ་བྱུང་བ་དང་། ཅང་ཙེ་མིན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་རེད།