དུས་ཚོད་ནི་ཆུ་མོ་རྒྱུག་པ་དང་རྟ་རྒྱུག་པ་ནང་བཞིན་ཕྱིར་བལྟས་མེད་པར་རྒྱང་རིང་དུ་ཡོལ། མདའ་མོ་འཕངས་པ་བཞིན་མི་སྙོབས་པའི་ས་ལ་སོང་ཟིན། དུས་ཚོད་ནི་ཛ་དྲག་ཅིང་འགྲོ་ཧ་ཅང་མགྱོགས་པོ་ཡོད། མིག་འཁྱུག་ཙམ་ཞིག་ནང་ང་ཚོ་དམའ་འབྲིང་ལོ་རིམ་གསུམ་པར་སླེབས་པས་ཡང་སློབ་གྲྭ་གསར་པར་སྤོས་ཟིན།
ང་རང་སློབ་འབྲིང་དུ་སླེབས་རྗེས་སློབ་གྲྭ་ཐེངས་མ་གསུམ་སྤོས་པ་རེད། དེ་ཡང་ལོ་རིམ་བདུན་པའི་སྐབས་སུ་སྟེང་དཀར་དང་། ལོ་རིམ་བརྒྱད་པའི་སྐབས་སུ་སློབ་ཆུང་གསུམ་པའི་གནས་ཡུལ་དེར་ཡིན། ལོ་རིམ་དགུ་པར་སླེབས་རྗེས་མོ་བ་ཐང་དུ་ཡོད་པའི་སློབ་གྲྭ་གསར་པར་སྤོས་པ་རེད།
ཐོག་མར་ང་ཚོ་ལོ་རིམ་བདུན་པ་ཡིན་སྐབས་ང་ཚོ་ཉལ་ཁང་དུ་སྡོད་པའི་སློབ་མ་ཚང་མ་སྟེང་དཀར་ལ་སྡོད་ཀྱི་ཡོད་ཅིང་། ཕྱི་ལོག་ཏུ་སྡོད་མཁན་གྱི་སློབ་མ་རྣམས་སློབ་ཆུང་གསུམ་པ་ཡོད་ས་དེར་བཞག་པ་རེད། ང་ཚོ་སྟེང་དཀར་ལ་སྡོད་རིང་མྱོང་ཚོར་ཆེ་ཤོས་ནི་སློབ་གྲྭའི་གཡས་གཡོན་ཚང་མ་ཐལ་བ་ཤིན་ཏུ་མང་བ་དེ་རེད། ད་དུང་ཆབ་ཁང་གཅིག་ལས་མེད་པས་ཡུན་རིང་སྒུག་དགོས་པ་དང་། ཆབ་ཁང་དྲི་མ་ཚ་བས་ནང་དུ་སྡོད་ཡུན་རིང་ན་ལུས་པོ་ཡོངས་རྫོགས་དྲི་ངན་གྱིས་རྫོད་དེ་ཡུན་རིང་བར་དྲི་མ་ཡལ་གྱི་མེད། ཆབ་ཁང་དུ་འགྲོ་བའི་དུས་ཚོད་ཡག་ཤོས་ནི་ཕལ་ཆེར་ལུས་རྩལ་སློབ་ཚན་གྱི་སྐབས་རེད། དེ་དུས་རང་འཛིན་གྲྭའི་སློབ་མ་ལས་མེད་པས་ནམ་རྒྱུན་བཞིན་འཚང་ཁ་མེད། དྲང་པོར་ཞུས་ན་དེ་དུས་ལུས་རྩལ་ཐང་ཞེས་ཀྱང་ས་སྟོང་ཆུང་ངུ་ཞིག་ལས་མེད།
ལོ་རིམ་བརྒྱད་པ་སླེབས་ཁར་ང་ཚོ་སྟེང་དཀར་ནས་དངོས་སུ་རྫོང་ཐོག་གི་སློབ་ཆུང་གསུམ་པ་གནས་ཡུལ་གྱི་སློབ་གྲྭ་དེར་སྤོས་པ་རེད། དེར་སླེབས་ནས་ཟླ་བ་གཅིག་ལྷག་ཕྱིན་པ་དང་ང་ཚོའི་འཛིན་གྲྭ་དཀྲུགས་པ་རེད། ལོ་གཅིག་རིང་གི་འཛིན་གྲྭ་གཅིག་པའི་སློབ་གྲོགས་ཀྱི་བརྩེ་བ་ཡང་དེ་ལྟར་མཇུག་བསྒྲིལ། དེ་དུས་འཛིན་གྲྭ་སུ་ཞིག་གི་སློབ་མ་ཡིན་རུང་དགའ་མཁན་ཡོད་མི་སྲིད་ལ། སུ་ཞིག་གི་གདོང་ལ་བལྟས་ཀྱང་ཡིད་གདུང་བའི་རྣམ་པས་ཁྱབ་ཡོད། སློབ་མ་མང་པོ་ཞིག་གིས་ཁ་གྱེས་འདོད་མེད་པར་ངུ་ཡི་ཡོད་ཀྱང་། མཐའ་མར་ང་ཚོ་བདམས་གསེས་གང་ཡང་མེད་པར་རང་རང་གི་འཛིན་གྲྭ་གསར་པར་བསྐྱོད། སློབ་ཁང་གསར་པ་ཞིག་གི་ནང་དུ་སློབ་མ་གསར་པ་དང་དགེ་རྒན་གསར་པ་སླར་ཡང་འདྲིས་འགོ་ཚུགས་དགོས་པས། ཡོད་ཚད་སླར་ཡང་སློབ་འབྲིང་གི་ཐོག་མའི་རྣམ་པ་དེར་ལོག་པ་ལྟར་བྱུང་།
ལོ་རིམ་དགུ་པར་སླེབས་རྗེས་ང་ཚོ་སླར་ཡང་སློབ་གྲྭ་གསར་པ་ཞིག་ཏུ་སྤོས། དེ་ནི་མོ་བ་ཐང་ལ་ཡོད་པའི་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ཆ་རྐྱེན་བཟང་ཤོས་ཀྱི་སློབ་གྲྭ་དེ་རེད་ལ། ད་ལོ་གཞི་ནས་འཛུགས་སྐྲུན་གྲུབ་པ་ཡིན་པས། བལྟས་པ་ཙམ་གྱིས་ཡིད་དུ་འོང་བ་ཞིག་ཡོད། སློབ་གྲྭ་གསར་པའི་ཁོར་ཡུག་དེ་རྒྱ་ཆེ་ཞིང་གཙང་བ་དང་། ཐོག་བརྩེགས་ཅན་གྱི་ཁང་པ་དག་གྲལ་འགྲིག་ཅིང་། གཅིག་ལས་གཅིག་བརྗིད་ཆགས་ཤིང་ལྟ་སྣང་དོད་པོ་ཡོད། སློབ་གྲྭ་དེར་ཐོག་མར་འབྱོར་སྐབས་ཁྱིམ་བདག་དང་སློབ་མ་དབྱེ་བ་མེད་པར་ཚང་མས་བསྟོད་པའི་མཐེ་མོ་མི་སྒྲེང་མཁན་ཧ་ལམ་མེད།
ད་ནི་ལོ་རིམ་དགུ་པར་སླེབས་ཟིན་པས་སློབ་སྦྱོང་ཧུར་ཐག་བྱེད་དགོས་ཤིང་དུས་རྒྱུན་དུ་རྣམ་གཡེང་མི་བྱེད་པར་བློ་རྩེ་གཅིག་སྒྲིམ་བྱེད་དགོས་སོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


