西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །«ལྷ་གདོང་ཤན་ཁའི་རླུང་དར»བལྟས་པའི་མྱོང་ཚོར། ༄༅། །སློབ་གྲྭ་གསར་པར་སླེབས་པའི་མྱོང་ཚོར། ༄༅། །ཀ་ཕྲེང་དྲན་སྐུལ་ཚིག་བརྒྱད།

放大 缩小 默认

༄༅། །«ལྷ་གདོང་ཤན་ཁའི་རླུང་དར»བལྟས་པའི་མྱོང་ཚོར།

□ 作者 ཡེ་ཤེས་རྒྱ་མཚོ།

“དཔེ་ཀློག་མང་ན་ཤེས་ཡོན་འཕེལ། །ཤེས་ཡོན་མང་ན་རྣམ་དཔྱོད་ཡངས། །”ཞེས་པ་ལྟར་དཔེ་ཀློག་ནི་མི་ཞིག་ཐོས་པ་བསགས་པའི་ཐབས་ལམ་མགྱོགས་ཤོས་དང་། སྟབས་བདེ་ཤོས་དེ་ཡིན་ལ་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་ཉེ་ཤོས་དེ་ཡང་ཡིན། དེ་རིང་གུས་པས་ཁྱེད་རྣམས་ལ་ངོ་སྤྲོད་ཞུ་འདོད་པ་ནི་ཨེ་ཕུར་བཀྲས་བརྩམས་པའི«ལྷ་གདོང་ཤན་ཁའི་རླུང་དར»ཞེས་པའི་དཔེ་དེབ་འདི་ཡིན། གཤམ་ལ་ངས་སྒྲིག་གཞི་ཁག་གསུམ་གྱི་ཐོག་ནས་ཁྱེད་རྣམས་ལ་དེབ་འདི་ངོ་སྤྲོད་དང་མཚམས་སྦྱོར་བྱེད་རྒྱུ་ཡིན།

དང་པོ། བདག་གིས་དེབ་འདི་བདམས་ནས་ངོ་སྤྲོད་བྱ་དགོས་དོན།

“བྱ་བ་ཞིག་ལ་རྒྱུས་ལོན་བྱེད་དགོས་ན་སྔོན་ལ་མི་དེར་རྒྱུས་ལོན་བྱ་དགོས”ཞེས་པ་ལྟར་ཨེ་བཀྲ་ལགས་ནི་ང་ཚོའི་ཕ་ཡུལ་དུ་སྐད་གྲགས་ཡོད་ལ་སྨྱུག་རྩལ་ལ་ཤིན་ཏུ་མཁས་པའི་རྩོམ་པ་པོ་ཞིག་ཡིན། དེ་རིང་ངས་དེབ་འདི་ངོ་སྤྲོད་བྱེད་དོན་ནི། གཅིག་ནས་རྩོམ་པ་པོ་དང་ང་རང་ཕ་ཡུལ་གཅིག་པ་ཡིན་པས་སེམས་ནང་དགའ་ཚོར་དང་སྤོབས་པ་ལྡན་པས་ཡིན། གཉིས་ནས་རྩོམ་པ་པོས་བརྩམས་སྒྲུང་འདིའི་རྩོམ་གཞི་སློབ་གྲྭའི་འཚོ་བ་གཙོ་བོ་བྱེད་པ་གང་ཞིག་ལ་ཞིང་འབྲོག་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་འཚོ་བ་དང་། དུས་རབས་འདིའི་གཞོན་ནུའི་གནས་སྟངས་སོགས་གཞོན་ནུ་གཉིས་ཀྱི་བརྩེ་དུང་དང་བསྡེབས་ནས་བྲིས་ཡོད་པས་ང་ཚོའི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པས་ཡིན།

གཉིས་པ། རྩོམ་འདིའི་ལེའུ་དྲུག་གི་ནང་དོན་མདོར་བསྡུས།

ལེའུ་དང་པོ“ལས་དབང་གི་གྲུ་ཁ”ཞེས་པའི་ནང་སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་སྙན་གྲགས་ཀྱིས་མཐོ་འབྲིང་ལོ་གསུམ་གྱི་འབད་བརྩོན་ལ་བརྟེན་ནས་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་རྒྱུགས་འཕྲོད་ནས་ན་མཉམ་གྱི་སློབ་གྲོགས་རྣམས་དང་ཐུག་འཕྲད་བྱུང་། དེ་རྗེས་སློབ་མ་ཚེ་རྣམ་རྒྱལ་དང་རོགས་བསྒྲིགས། ཁོས་སྙན་གྲགས་ལ་རང་དང་ཕ་ཡུལ་གཅིག་པ་ཡིན་པའི་བདེ་ཆེན་སྐྱིད་ངོ་སྤྲོད་བྱས། སྐབས་དེ་དུས་ཡ་རབས་ཆེ་ལ་བརྩོན་སེམས་དང་ལྡན་པའི་སྙན་གྲགས་ནི་བརྩེ་དུང་གི་རྒྱ་མཚོར་ལྷུང་། དེ་ལྟར་སློབ་དུས་གཅིག་གི་འཚོ་བ་མཇུག་བསྒྲིལ་ནས་སློབ་མ་རྣམས་རང་རང་སོ་སོའི་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག ལེའུ་གཉིས་པ་ “ལམ་ནོར་ཐེབས་པ”ཞེས་པའི་ནང་དུ་བདེ་ཆེན་སྐྱིད་དགུན་གསེང་གི་སྐབས་སུ་འཁོར་གེགས་བྱུང་ནས་སློབ་གྲྭར་དུས་ཐོག་ཏུ་སླེབས་མེད་པའི་གནས་ཚུལ་འདི་ཡུན་རིང་རེ་སྒུག་བྱས་ནས་བསྡད་པའི་སྙན་གྲགས་ཀྱི་རྣ་ལམ་དུ་ཐོས་པས། ཁོས་དགེ་རྒན་དང་སློབ་གྲྭའི་དབུ་ཁྲིད་ལ་ཡང་མ་ལབ་པར་ལྷ་ས་ནས་མཚོ་སྔོན་དུ་བདེ་ཆེན་སྐྱིད་ཐུག་པར་ཕྱིན་ཏེ་མོ་དང་མཉམ་དུ་སློབ་གྲྭར་ལོག་སླེབས་ན་ཡང་སློབ་གྲྭས་གནས་ཚུལ་འདི་གོ་རྗེས་ཁོ་རང་སློབ་གྲྭ་ལས་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་བྱས་ཟིན་རྐྱེན་ཁོ་རང་སློབ་གཉེར་གྱི་འཚོ་བ་ལས་མ་ཐོན་ཀ་མེད་བྱུང་། ལེའུ་གསུམ་པ“ཞིང་ས་གཤིན་པོ”ཡི་ནང་དུ་སྙན་གྲགས་སློབ་གྲྭ་ལས་ཕུད་ཀྱང་ལས་དབང་ལ་མགོ་བསྒུར་ནས་མ་བསྡད་པར་རང་ཡུལ་ལ་ལོག་སྟེ་ལོ་ཕྱི་མར་སློབ་ཆེན་དུ་རྒྱུགས་གཏོང་རྒྱུའི་ཐག་བཅད། ཕ་ཡུལ་དང་ཐག་མི་རིང་བའི་སར་གཏེར་འདོན་གྱི་ལས་གྲྭ་ཞིག་ཡོད་པར་ལས་ཀ་བཙལ་ནས་དངུལ་བསགས་པའི་ལས་ལ་རོལ། དགུན་དཀྱིལ་དུ་ལས་མཚམས་བཞག་དུས་ཁོས་རང་གི་ཞང་པོ་ཞིག་ཡོད་པ་དེའི་དྲུང་དུ་བཅར་ནས་བསྐྱར་སྦྱོང་ལེགས་པོ་ཞིག་བྱས་ཏེ་ལོ་མཇུག་མའི་མཐོ་རྒྱུགས་ལ་ཞུགས་པར་གྲབས་བྱས། རྒྱུགས་གཏོང་བའི་དུས་དེར་ཁོས་ཁ་ཆད་ལྟར་རང་གི་སྙིང་གྲོགས་བདེ་ཆེན་སྐྱིད་འཕྲད། ནང་མིའི་རེ་བ་དང་རང་གི་མདུན་ལམ་གྱི་ཆེད་དུ་མཐོ་རྒྱུགས་དེར་ཞུགས་ཀྱང་མ་ཚུད་པ་དེ“འགྱེལ་པའི་སྟེང་ལ་རྡོག་བརྫིས”ལྟ་བུར་གྱུར་ཡང་ཁོས་ལོ་རྗེས་མར་སླར་ཡང་ཡིག་རྒྱུགས་ལ་ཞུགས་སྟབས་རྒྱུགས་ལོན་ནས་སླར་ཡང་སློབ་ཆེན་གྱི་འཚོ་བར་རོལ་ཐུབ་པ་བྱུང་། ལེའུ་བཞི་པ “ཡུན་ཐུང་བདེ་བ”ཡི་ནང་དུ་ཁོ་རང་ཡང་བསྐྱར་སློབ་ཆེན་དུ་ཚུད་ནས་རང་གི་སྙིང་གྲོགས་དང་སླར་ཡང་འཕྲད་ན་རང་ཉིད་ནི་སློབ་ཆེན་ལོ་རིམ་དང་པོ་དང་མོ་རང་ནི་ལོ་རིམ་བཞི་པ་ཡིན་སྟབས་མི་རིང་བར་ཁོ་གཉིས་སླར་ཡང་བྲལ་དགོས་བྱུང་། ལེའུ་ལྔ་པ“བདེན་དོན་འཕྲོག་པ”ཞེས་པའི་ནང་བདེ་ཆེན་སྐྱིད་ཀྱི་པཱ་ལགས་དང་ཨ་མ་ལགས་ཀྱིས་འབྲེལ་བ་བརྒྱུད་ནས་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ལ་ལས་ཀ་ཞིག་བྱུང་སྟབས་ཁོང་གཉིས་སླར་ཡང་ལྷ་སར་ཐུག་འཕྲད་བྱུང་། ཡིན་ནའང་བདེ་ཆེན་སྐྱིད་ཀྱི་ཕ་མས་ཁོ་གཉིས་ཀྱི་གནས་ཚུལ་ཧ་གོ་བས་སླར་ཡང་ཁ་བྲལ་དགོས་བྱུང་། ལེའུ་དྲུག་པ“རྨི་ལམ་མོག་པོ”ཞེས་པའི་ནང་ཁོ་གཉིས་ཀྱི་བརྩེ་དུང་ལ་བར་ཆད་བྱུང་སྟབས་སྙན་གྲགས་ཀྱིས་སྔར་ལས་ལྷག་པར་བརྩོན་པ་དང་འབད་པ་བྱས་པར་བརྟེན་ཁོ་རང་ལྷ་སའི་ཤར་ཕྱོགས་སློབ་ཆུང་དུ་ལས་བགོས་བརྒྱབ་པ་དང་ཆབས་ཅིག་དངོས་གཞིའི་སློབ་མའི་ལག་ཁྱེར་ཡང་ཐོབ།

གསུམ་པ། བདག་གིས་རྩོམ་འདིར་འཛིན་པའི་ལྟ་བ་དང་མྱོང་ཚོར།

དགེ་རྒན་དང་ཀློག་པ་པོ་ཁག་གཅིག་གིས“དེབ་དེ་བལྟ་མི་རུང་། བལྟས་ན་གཞོན་ནུ་དག་ལ་དགའ་རོགས་བསྒྲིགས་པའི་སློབ་གསོ་ངན་པ་ཐེབས་ངེས་རེད”ཅེས་ལྟ་སྟངས་འཛིན་ཡང་ང་ཚོས་མྱོང་རོལ་བྱེད་དགོས་པ་ནི་རྩོམ་པ་པོའི་རྩོམ་རིག་གི་སྒྱུ་རྩལ་དང་། དཔྱད་གཞིར་འཛིན་དགོས་པ་ནི་སྙན་གྲགས་ཀྱི་སྐབས་འཕྲལ་འཚབ་འཚུབ་ཀྱིས་སེམས་པས་བཟོས་པའི་གྱོང་གུན། སློབ་སྦྱོང་བྱ་དགོས་པ་ནི་ཁོའི་ཀྱག་ཀྱོག་མི་ཚེའི་ལམ་བུའི་ཁྲོད་ཀྱི་དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་དང་། ཡར་རྒྱས་གོང་འཕེལ་གྱི་སེམས་པ། ལྷད་མེད་དྭངས་གཙང་གི་གཤིས་རྒྱུད། ལས་དབང་ལ་མགོ་མི་བསྒུར་བ་སོགས་ཡིན། བརྩམས་སྒྲུང་དེའི་ལེའུ་དྲུག་གི་ནང་རྩོམ་པ་པོས་རང་གི་ངག་གི་སྒྱུ་རྩལ་དང་ལག་གི་སྨྱུག་རྩལ་ལ་བརྟེན་ནས་སྙན་གྲགས་ལ་བྱུང་བའི་གནས་ཚུལ་ཇི་མ་ཇི་བཞིན་བྲིས་པ་བརྒྱུད། ལོ་ཉི་ཤུར་སླེབས་ཙམ་གྱི་ཕོ་མོ་གཉིས་ཀྱིས་ཕ་རོལ་པོར་མ་འོངས་གང་ཡང་སྟེར་མི་ཐུབ་ལ་འགན་འཁྲི་གང་ཡང་འཁུར་མི་ཐུབ་པས། ང་ཚོས་ཕ་རོལ་པོ་ཤོར་ཡོང་བསམ་པའི་སེམས་ཁྲལ་བྱ་མི་དགོས་ལ་ཧ་རེ་ཧུ་རེའི་ངང་ནས་མགྱོགས་མྱུར་ངང་དགའ་རོགས་ཀྱི་འབྲེལ་བ་གཏན་འཁེལ་བྱེད་མི་རུང་། གལ་ཏེ་ཕན་ཚུན་དངོས་འབྲེལ་དགའ་པོ་ཡོད་ན་སེམས་ཀྱི་ཟུར་གཅིག་ཏུ་བཞག་ནས་ནར་སོན་རྗེས་ལག་གདང་འབྲེལ་ན་ཕྱི་མི་སྲིད་པའི་མྱོང་ཚོར་ཟབ་མོ་སྤྲད་བྱུང་། སློབ་གཉེར་གྱི་བྱ་བར་འཇུག་པའི་སྐབས་སུ་ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ་ལས་སློབ་སྦྱོང་དང་འབྲེལ་བ་མེད་པའི་ལས་རྣམས་སྤངས་ཏེ། རང་རང་གི་འདུན་པ་དང་ནང་མིའི་རེ་བ་ལ་རྒྱབ་འགལ་མ་བྱས་པར་ཕ་མ་དང་དགེ་རྒན་གྱི་བསླབ་བྱ་ལ་ཉན་ནས། བརྩོན་འགྲུས་རྟ་ཕོ་ལྕག་གིས་བསྐུལ་ཏེ་ཤེས་རིག་གི་ཐང་ཆེན་དུ་བསྐྱོད་དགོས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༧)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明