ཀྭ་ཡེ་ཉོན་དང་ན་མཉམ་གཞོན་ནུ་ཚོ། །
ཁ་མིན་སེམས་ཀྱི་དྲན་སྐུལ་ཅུང་ཟད་ཡོད། །
ག་དུས་ཡིན་རུང་ཆོ་མེད་མགོ་འཁོར་ན། །
ང་ཚོར་མ་འོངས་ཟེར་བ་གང་ན་ཡོད། །
ཅ་ཅོ་འཆལ་གཏམ་ཁོ་ནས་དུས་ཚོད་འདས། །
ཆ་ལུགས་ཡ་མ་ཟུང་ལ་ལད་མོ་བྱེད། །
ཇ་ཆང་ཞིམ་པོ་ཁོ་ནར་ཁ་མིག་གདངས། །
ཉ་ཉོག་དོན་ལ་སྙིང་པོ་ཆེ་མདོག་བྱེད། །
ཏ་ཐའི་གསུང་རབ་ཀློག་ལ་མ་འབད་པར། །
ཐ་མལ་སྤྱོད་ངན་ལས་ལ་རོལ་འགྱུར་པ། །
ད་ལྟ་གཞོན་དུས་ལོག་སྤྱོད་མང་དྲགས་ན། །
ན་རྒས་སོ་བུད་དུས་སུ་འགྱོད་ཀྱང་ཕྱི། །
པ་ཕའི་གཉེར་རིས་རྒས་པའི་ངོ་གདོང་ལས། །
ཕ་རྒྱུད་བུས་འཛིན་རེ་བཅོལ་ཁྱེད་ལས་སུ། །
བ་གླང་དུད་འགྲོའི་ཆ་ལུགས་རིང་དོར་ནས། །
མ་ཡུམ་དྲིན་ཆེན་ཚོ་ཡི་དཀའ་སྡུག་སོམས། །
ཙ་རི་གནས་བཟང་མང་བའི་ཞིང་ཁམས་སུ། །
ཚ་གྲང་དཀའ་སྤྱད་སྙིང་རུས་མ་བསྐྱེད་ན། །
ཛ་ཛོར་གོམས་གཤིས་ངན་པས་མི་ཚེ་ཟད། །
ཝ་ལེར་བསམ་ན་དེ་དག་སྙིང་རྗེའི་ཡུལ། །
ཞྭ་དཔེ་ལྷམ་འགེབས་རིན་ཐང་ལྟ་བ་དང་། །
ཟ་བཏུང་ལོངས་སྤྱོད་རྒྱས་སྤྲོས་ཁོ་ན་བསམས། །
འ་ཆད་འུ་ཐུག་འཚོ་ཐབས་གཞན་ལས་སྐྱོ། །
ཡ་མེད་སྤྱོད་པ་རྒྱན་དུ་མ་ངོམས་ཤིག །
ར་རོ་རྣམ་ཤེས་འཐོར་བའི་ལུས་ཞིག་འཁྱེར། །
གཞན་ཕན་ལྷག་བསམ་དཀར་པོ་སེམས་ནས་ཡལ། །
ཤ་ཚའི་གཏམ་སྙན་རྣ་རྒྱབ་རླུང་ལ་བསྐུར། །
ས་ཕྱོགས་གང་ཡིན་མ་ཤེས་ལུས་པར་འགྱུར། །
ཧ་ཅང་སེམས་ལ་གཟན་པའི་ཀ་བཤད་འདི། །
ཨ་རོགས་སློབ་གྲོགས་ཚོ་ལ་སྙིང་གཏམ་ཙམ། །
ཧ་ལམ་སྙན་ངག་གྲས་སུ་མི་ཚུད་རུང་། །
ཨ་ཙི་སེམས་ཀྱིས་མ་བཟོད་དྲན་སྐུལ་ཙམ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།


