ངའི་ཨ་མ་ལགས་ལ་ཁྲ་ཞིང་སྒོར་བའི་མིག་ཆེན་པོ་ཞིག་ཡོད། དགོད་པའི་སྐབས་སུ་མིག་དེ་ཉིད་ཚེས་གསུམ་ཟླ་བ་ལྟར་གུག་པའི་དབྱིབས་སུ་མངོན། རྣམ་པ་དེ་ནི་ཧ་ཅང་མཛེས་ཉམས་དོད་པ་ཞིག་ཡིན། ཁོང་གི་ལག་གཉིས་ནི་དུས་རྒྱུན་ཁྱིམ་ལས་ལས་པའི་རྐྱེན་གྱིས་ལག་མཐིལ་ཅུང་རྩུབ་ཙམ་ཡོད། འོན་ཀྱང་ཁོང་གིས་ངའི་མགོ་ལ་འཕུར་འཕུར་བྱས་པ་ན། དབང་མེད་དུ་དྲོད་འཇམ་གྱི་ཚོར་སྣང་ཞིག་སྟེར་གྱིན་ཡོད།
ཉིན་རེའི་ཞོགས་པར། ཨ་མ་ནི་རྒྱུན་དུ་ཨང་དང་པོ་མལ་ལས་ལངས་ཏེ་ང་ཚོའི་ཁྱིམ་མི་ཚང་མར་ཞོགས་ཟས་ལས་ཀྱི་ཡོད་པ་དང་། ཁོང་གིས་ང་ཚོར་ཞོགས་ཟས་གྲ་སྒྲིག་བྱེད་དུས། སྐབས་འགར་དྲི་ཞིམ་འཐུལ་བའི་རྩམ་པ་དང་ཇ་བསྲུབས་མ་ཡིན་ཡང་། སྐབས་འགར་རོ་བཅུད་ཕུན་སུམ་ཚོགས་ཤིང་། རླངས་པ་འཚུབ་འཚུབ་ཀྱི་ཤ་མོག་ཡིན། ང་སྐྱེས་པ་ནས་བཟུང་ཁོང་གིས་ངའི་འཚོ་བར་ལྟ་རྟོག་ཞིབ་ཚགས་གནང་བས་ངའི་ངོས་ནས་ཁོང་ལ་ཡིད་མི་ཚིམས་པ་ཅི་ཡང་མེད། ཨ་མའི་མིག་ཟུང་གི་མཐོང་བྱེད་ནུས་པ་སྐབས་རེ་བཟང་ལ་སྐབས་རེ་ཞན། བཟང་བ་ནི་ཁོང་གིས་སློབ་ཚན་གྲོལ་ནས་ནང་ལ་ལོག་དུས་ནམ་ཡང་སློབ་མ་མང་པོ་ཞིག་གི་ནང་ནས་ང་ངོས་འཛིན་ཐུབ་ལ། ཞན་པ་ནི་ཟ་མ་ཟ་བའི་དུས་སུ་ཨ་མས་རྒྱུན་དུ་སྡེར་མའི་ནང་གི་ཤ་ཆེ་ཤོས་དེ་དག་ནམ་ཡང་མཐོང་མི་ཐུབ། དེ་ནི་ཨ་མ་ངའི་སེམས་ནང་དུ་མི་སྣ་རླབས་ཆེན་ཞིག་ཡིན་པའི་རྒྱུ་མཚན་གཙོ་བོ་ཡིན།
གཟའ་འཁོར་འདིའི་ནང་ང་རང་ཆམས་པ་ཕོག་པའི་རྐྱེན་གྱིས་ནང་ལ་སླེབས་པའི་དགོང་མོ་དེར། ང་རང་གློ་བུར་དུ་ཚ་བ་རྒྱས་ནས་མགོ་ཡུར་འཁོར་བ་དང་། ལུས་པོར་རུས་གཟེར་ཡ་མཚན་ཅན་ཞིག་བརྒྱབ་པས་ཨ་མས་ཤེས་རྗེས་མྱུར་དུ་ལུས་དྲོད་འཇལ་ཆས་ཁྱེར་ཡོང་ནས་ངའི་ལུས་དྲོད་འཇལ། ལུས་པོའི་དྲོད་ཚད་མཐོན་པོ་ཡིན་པ་ཤེས་རྗེས། ཁོང་གི་སེམས་ཁྲལ་ཆེན་པོའི་མིག་གཉིས་པོ་མྱུར་དུ་དམར་པོར་གྱུར་པ་དང་། ཁོང་གིས་ཕྱོགས་གཅིག་ནས་ཆུ་དྲོད་འཇམ་དུ་སྦང་པའི་འཁྲུད་རས་ངའི་ཐོད་པ་དང་དཔུང་པ་སོགས་ལ་གླན་ནས་དྲོད་ཚད་མར་འཇགས་ཐབས་བྱེད་པ་དང་། ཕྱོགས་གཅིག་ནས་ཨ་ཕ་གཉིད་ལས་བསླངས་ཏེ་རླངས་འཁོར་གཏོང་དུ་བཅུག ང་ཁོང་གི་དཔུང་པར་བསྔས་ནས་ཕྱིན་པས། ཁོང་གི་རྡིག་རྡིག་དུ་གྲག་པའི་སྙིང་གི་འཕར་ལྡིང་ཐོས་སྐབས་ཡིད་སེམས་དབང་མེད་ངང་ལྷོད་ལ་བབས། སྨན་ཁང་དུ་སླེབས་རྗེས། ཁོང་གིས་ཡར་རྒྱུག་མར་རྒྱུག་གིས་ཨང་ཀི་འགོག་པ་དང་། སྨན་བླངས་པ་སོགས་གྲུབ་རྗེས་ངའི་འགྲམ་ནས་བསྲུངས་ནས་ཡུད་ཙམ་ཡང་ཁ་མ་བྲལ། ཞར་དང་ཞོར་ལ་ངའི་མགོ་བོ་དང་ལག་པར་འཕུར་ཙམ་བྱས་ཏེ“བདེ་རུ་ཕྱིན་འདུག་གམ”ཞེས་ཡང་ཡང་འདྲི།
ཨ་མས་ངའི་ཆེད་དུ་དཀའ་ལས་མང་པོ་ཞིག་བརྒྱབ་ལ། བློས་གཏོང་ཡང་མང་པོ་གནང་ཡོད། ཁོང་གིས་ང་ལ་བཅངས་པའི་བརྩེ་བ་ནི་ཉི་འོད་དང་འདྲ་བར་ངའི་ལུས་སེམས་ཡོངས་རྫོགས་ཚ་ལམ་ལམ་བྱེད། ངས་ཤེས་ཀྱི་ཡོད། ཁོང་གིས་ངའི་ཆེད་དུ་རང་ཉིད་ཀྱི་ན་གཞོན་དུས་ཚོད་བློས་གཏོང་གནང་ནས་ང་ལ་བདེ་ལེགས་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་སྐྲུན་ཐབས་བྱེད། དེར་བརྟེན། ངས་ནམ་ཡང་མི་སུ་ཞིག་དང་བསྡུར་རུང་ཨ་མ་ནི་ང་ལ་མཚོན་ན་ཡང་རྩེའི་ཡང་རྩེར་འཇོག་ངེས་ཡིན། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


