西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དཔེ་ཀློག་གི་གལ་ཆེའི་རང་བཞིན། ༄༅། །ང་རང་དང་སྙིང་ཉེ་ཤོས་ཀྱི་མི། ༄༅། །ཕ་ཡུལ་གྱི་འགྱུར་ལྡོག ༄༅། །ང་ཡི་ཕ་ཡུལ།

放大 缩小 默认

༄༅། །དཔེ་ཀློག་གི་གལ་ཆེའི་རང་བཞིན།

□ 作者 བཀྲ་ཤིས་སྒྲོལ་མ།

“དཔེ་ཀློག་ནི་སྐྱེ་བོ་ཡར་རྒྱས་འགྲོ་བའི་སྐས་འཛེགས་ཡིན”ཞེས་གསུངས་ཡོད་པ་ལྟར་དཔེ་ཀློག་ནི་མི་སུ་ཞིག་ལ་མཚོན་ནའང་མེད་དུ་མི་རུང་བ་ཞིག་ཡིན་ཏེ། དཔེ་ཀློག་བརྒྱུད་ང་ཚོས་ལེགས་ཉེས་བླང་དོར་རྟོགས་པ་དང་ཤེས་རབ་འཕེལ་ནས་རང་གཤིས་བཟང་དུ་འགྲོ་ཐུབ་ཀྱི་ཡོད། མི་ཁ་ཤས་ཀྱིས་དཔེ་ཀློག་ནི་དུས་ཚོད་འཕྲོ་བརླག་རང་རེད། ག་རེ་ཧ་གོ་དགོས་པ་ཁ་པར་ཐོག་ནས་བཙལ་ན་ཐད་ཀར་རྙེད་ཐུབ། དཔེ་དེབ་ཀློག་པར་དུས་ཚོད་རིང་པོ་དེ་འདྲ་འཕྲོ་བརླག་གཏོང་དགོས་དོན་ཅི་ཡིན་ཞེས་བཤད་ཀྱི་ཡོད། ངས་བལྟས་ན་ད་ལྟའི་སྤྱི་ཚོགས་ཀྱིས་མགྱོགས་ཚད་ལ་ཡིད་སྨོན་བྱེད་ཀྱི་ཡོད། མགྱོགས་པའི་འཚོ་བ་དེའི་ནང་རང་ལྷོད་ལྷོད་ངང་བསྡད་ཐུབ་པའི་ལམ་མམ་གོ་སྐབས་ནི་དཔེ་ཀློག་བྱ་རྒྱུ་དེ་ཡིན། དཔེ་ཀློག་བྱེད་པའི་དུས་ལ་རང་སོ་སོ་ལྷིང་འཇགས་སུ་གནས་ནས་ལུས་སེམས་ལ་ངལ་གསོ་ཐོབ་པ་མ་ཟད། དཔེ་ཀློག་གི་ཁྲོད་དུ་རང་ཉིད་ལ་སྔར་ལས་ལྷག་པའི་ཤེས་རབ་འཕེལ་ཐུབ། དེས་ན་ད་ཐེངས་ངས་མཉམ་སྤྱོད་བྱེད་པ་ནི་ཁ་བྱང་ལ«མ་རིག་པའི་མིག མུན་སེལ་གྱི་སེམས»ཞུ་བ་འདི་ཡིན།

དེབ་འདིའི་ནང་ཉི་མ་དབང་འདུས་ལགས་ཀྱི་ངོ་མཚར་གཏམ་རྒྱུད་ངོ་སྤྲོད་བྱས་ཡོད། ཁོང་སྐྱེས་ནས་ཟླ་བ་གསུམ་མ་ཕྱིན་པར་མིག་གཉིས་ལོང་བར་གྱུར་བ་དང་ཨ་ཕ་ཚེ་ལས་འདས་ནས་ཨ་མ་མི་གཞན་དང་མཉམ་དུ་ཕྱིན། གལ་སྲིད་གནས་ཚུལ་དེ་འདྲ་འཕྲད་ཚེ་མི་སུ་ཞིག་ཡིན་རུང་སྡུག་བསྔལ་དང་མི་འདོད་པ་ཡོང་སྲིད། ཉི་མ་དབང་འདུས་ལགས་ཀྱང་མི་གཞན་དང་མི་འདྲ་བར་མིག་གཉིས་ཀྱིས་མཐོང་མི་ཐུབ་པ་ཧ་གོ་དུས་རང་གི་ལས་དབང་ལ་མི་འདོད་པ་བྱས་མྱོང་། ཡིན་ཡང་ཁོང་འཚར་ལོངས་བྱེད་པའི་ལམ་བུའི་ཁྲོད་སྤོ་བོ་དང་རྨོ་བོ་ལགས་ཀྱིས་ཁོང་ལ་མི་ཕལ་པ་བཞིན་རི་ལ་རྟ་རྫི་རུ་བཅུག་པ་དང་སློབ་སྦྱོང་བྱེད་དུ་བཅུག་པ། རང་དོན་རང་གིས་སྒྲུབ་བཅུག་པ་སོགས་བྱས་པ་དང་། ལོང་བའི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པར་བཏང་། ཁོང་དང་འདྲ་བའི་ལོང་བའི་སློབ་གྲོགས་རྣམས་སློབ་གྲྭ་ནས་ཁྲོམ་གཞུང་ཐོག་ཀུ་ཤུ་བཙོང་བར་ཕྱིན་པ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཁོང་ལ་རོགས་རམ་བྱས་ནས་ཤེས་བྱ་བསླབ་པ་སོགས་བརྒྱུད་ནས་ཁོང་ལ་རང་བཞིན་དུ“མིག་གིས་མཐོང་མི་ཐུབ་པ་དེ་ནི་ངའི་སྐྱོན་ཆ་མ་ཡིན་པར་ཁྱད་ཆོས་ཡིན”ཞེས་པའི་བསམ་བློ་འདི་བྱུང་། ཁོང་གིས“མུན་ནག་ཁྲོད་ནས་འོད་སྣང་ཕྱོགས་སུ་བསྐྱོད་པའི་ཐབས་ལམ་ནི་མིག་གདངས་ནས་བསྐྱོད་པ་གཅིག་པུ་མ་ཡིན་པར་ནང་སེམས་ཀྱི་སྒོ་མོ་ཕྱེ་ནས་ཀྱང་ཡོང་ཆོག”ཅེས་གསུངས་ནས། རང་གི་ལས་དབང་དང་ལེན་བྱས་ཏེ་སློབ་ལ་འབད་པ་དང་རང་ཉིད་ལ་ཡིད་ཆེས་བྱས་ནས་མ་འོངས་ཀྱི་ལམ་བུར་བརྟན་པོར་བསྐྱོད། ཕྱིས་སུ་ཁོང་DETཐོག་གཏམ་བཤད་སྤེལ་མཁན་གྱི་བོད་རིགས་ཐོག་མ་དང་། སྔ་རྗེས་སུ་ཨ་རི་དང་འཇར་མན་དང་མཱ་ལེ་ཞི་ཡ་སོགས་ལ་གཏམ་བཤད་སྤེལ་བར་ཕེབས་མྱོང་།

ཁོང་གི་མི་ཚེ་ལས་ངས་ས་སྐྱ་ལེགས་བཤད་ཀྱི་ཤོ་ལོ་ཀ་གཅིག་དྲན་བྱུང་། “བློ་གྲོས་ཆེན་པོ་རྒུད་ན་ཡང་། །ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །རི་དྭགས་རྒྱལ་པོ་བཀྲེས་པ་ན། །གླང་ཆེན་སྤྱི་བོ་མྱུར་དུ་འགེམས། །” ཞེས་པ་སྟེ་བློ་གྲོས་ཆེ་བའི་སྐྱེས་བུ་དག་ལ་ཕམ་ཁ་རག་ནས་རྒུད་པར་གྱུར་ནའང་ཕམ་ཁར་མགོ་མི་སྒུར་བ་མ་ཟད་ཕམ་ཁ་དེ་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་འགྱུར་ཐུབ་ཀྱི་ཡོད། དཔེ་དེབ་འདི་བལྟས་རྗེས་ངས་ཀྱང་འཚོ་བའི་ཁྲོད་དུ་དཀའ་ངལ་ལ་མི་སྐྲག་པ་དང་། རང་གི་ལས་དབང་སོ་སོའི་ལག་ཐོག་ཏུ་དམ་པོར་བཟུང་ནས་རང་གི་ཕུགས་བསམ་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ཉི་མ་དབང་འདུས་ཁོང་དང་འདྲ་བར་རང་ལ་ཡིད་ཆེས་བྱས་ནས་བརྟན་པོར་བསྐྱོད་རྒྱུའི་ཡིད་ཆེས་ཐོབ་བྱུང་། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༨)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明