སྔོ་ཐིང་ཐིང་གི་སྤང་ཐང་དང་མཛེས་སྡུག་ལྡན་པའི་མེ་ཏོག་སྣ་ཚོགས། དེ་བཞིན་དྭངས་ཤིང་གཙང་བའི་ཆུ་མོ་དང་ཤ་ཤེད་རྒྱས་པའི་ནོར་ལུག་དག་ནི་ང་ཚོའི་ཕ་ཡུལ་གྱི་རྣམ་པ་ཡིན། ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེས་རྟག་པར་ངའི་སེམས་པར་སྤྲོ་སྣང་སྟེར། ང་རང་ཕ་ཡུལ་དང་བྲལ་ནས་ལོ་ངོ་གཉིས་འགྲོ་བཞིན་ཡོད་ཀྱང་ནམ་ཡང་ཕ་ཡུལ་གྱི་རི་ཆུ་དྲན་ཤིང་དེར་དགའ། ད་ཐེངས་ཨ་མའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་གོ་སྐབས་བཟང་པོ་དང་བསྟུན་ནས་ང་ཕ་ཡུལ་དུ་ལོག་པའི་སྐལ་བ་བྱུང་ལ་རླངས་འཁོར་ནང་ནས་ཕ་ཡུལ་གྱི་འཕོ་འགྱུར་རྣམས་མཐོང་སྐབས་ང་རང་ཧ་ལས་པའི་སྣང་བ་ཞིག་བྱུང་། ཕ་ཡུལ་གྱི་གང་ས་ཅི་ཐད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་འདུག
གནའ་མི་ཚོས་གསུངས་དོན་ལ། སྔར་གྱི་འཚོ་བ་ནི་ཧ་ཅང་དབུལ་ཞིང་ཞན་ལ་འགྲིམ་འགྲུལ་ཡང་ དཀའ་ངལ་ཆེ་ཟེར། འོན་ཀྱང་ད་ལྟ་ཕ་ཡུལ་གྱི་ལམ་བུ་རྣམས་བདེ་ཞིང་སྙོམས་པ་བཟོས་ཏེ་རླངས་འཁོར་འགྲོ་ འོང་བྱེད་བདེ་བར་གྱུར་འདུག་ལ་གྲོང་ཚོའི་ནང་དུ་དེང་རབས་ཅན་གྱི་ཁང་བཟང་རིམ་པ་བཞིན་གསར་དུ་ བསྐྲུན་འདུག མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཕྱིན་ནས་དགའ་སྐྱིད་ལྡན་པའི་འཛུམ་མདངས་དེ་སྤུན་ཟླ་ཚོའི་གདོང་ལས་མངོན་གྱི་འདུག་པ་ནི་དེ་བས་ཀྱང་མཛེས་པ་ཞིག་རེད། ཕ་ཡུལ་གྱི་སྐྱེ་ཁམས་སྔར་བཞིན་མཛེས་ཤིང་ལྟ་ན་སྡུག་པ་དང་དེའི་ཐོག་ལ་དེང་རབས་ཀྱི་རྣམ་པ་གསར་པས་ཕ་ཡུལ་དེ་བས་རྒྱས་པ་དང་དར་བ་ཞིག་ཏུ་སྐྲུན་འདུག ཨ་མའི་སྐྱེས་སྐར་ལ་ལོག་སྐབས་ཕ་ཡུལ་གྱི་འགྱུར་ལྡོག་འདི་དག་མཐོང་ཚེ་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། སླད་ངས་སློབ་སྦྱོང་ལ་འབད་པ་ཧུར་བརྩོན་བྱས་ནས་ཤེས་བྱ་དང་ནུས་པ་གསོག་འཇོག་བྱ་རྒྱུ་ཡིན་ལ་མ་འོངས་པར་རང་ཉིད་ཀྱི་བྱང་ཚད་ལ་བརྟེན་ནས་སྔར་ལས་ལྷག་པའི་ཕ་ཡུལ་གྱི་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་ཐུབ་པ་དང་། ཕ་ཡུལ་གྱི་སང་ཉིན་དེ་བས་མཛེས་སྡུག་དང་ལྡན་པ་ཞིག་ཡོང་བར་བྱ་ རྒྱུའི་དམ་བཅའ་བརྟན་པོ་འཇོག་གི་ཡིན། །
ལྷོ་ཁ་གྲོང་ཁྱེར་ཤར་འོད་སློབ་འབྲིང་ལོ་རིམ༨(༤)
ཟུར་ཁྲིད་དགེ་རྒན། ཚེ་རིང་བཀྲ་ཤིས།


