ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རྟ་ནག་ཕུ་ཤང་གི་སྤུས་ལེགས་ཀྲོ་མ་ཀྲུ་ཆུང་ཆུང་ལ་འབྲས་བུ་ཡག་པོ་སྨིན་ནས་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀ་དར་རྒྱས་བྱུང་། བོད་ལྗོངས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་བོད་རང་སྐྱོང་ལྗོངས་ཡོམ་འགོག་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་མཉམ་འབྲེལ་སྐུལ་འདེད་འོག དངུལ་རྩའི་སྒྲིག་གཞི་དང་འབྲེལ་མཐུད་ལེགས་གྲུབ་བྱུང་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་འཚོང་འགྲོ་ལམ་ཕྱེ་རྒྱུར་རོགས་རམ་བྱས་ནས་སྒམ་104ཕྱིར་འཚོང་བྱས་པ་རེད།
“ད་ལོའི་ཀྲོ་མ་ཀྲུ་ཆུང་ཆུང་མང་ཞིང་མངར་བས། མ་གཞི་བཙོང་མི་ཐུབ་པར་སེམས་ཁྲལ་བྱེད་ཀྱི་ཡོད་མོད། འོན་ཀྱང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ང་ཚོར་ཚོང་ལམ་འཚོལ་རོགས་བྱས་པས་སྒམ་104གློ་བུར་དུ་བཙོང་ཚར་ཡོད།” རྟ་ནག་ཕུ་ཤང་གི་འདེབས་འཛུགས་ར་བའི་འགན་འཁུར་བས་ཐོན་ལེགས་འབྲས་བུ་བདེ་བླག་ངང་དངུལ་ལོར་དང་བརྗེས་ཐུབ་པ་ལ་བལྟས་ནས་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཏེ།“ད་ལྟ་ཕྱིར་འཚོང་ལ་སེམས་ཁྲལ་བྱེད་མི་དགོས་པས་འདེབས་འཛུགས་བྱེད་པར་སེམས་ཤུགས་ཆེན་པོ་ཡོད། རྗེས་ཕྱོགས་ད་དུང་ལས་དོན་རུ་ཁག་གི་བསམ་འཆར་དང་བསྟུན་ནས་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་སྟེ་འཚོ་བ་སྔར་ལས་ཡག་ཏུ་གཏོང་འདོད་ཡོད།”
ཤེས་རྟོགས་བྱུང་བར་གཞིགས་ན། རྟ་ནག་ཕུ་ཤང་གི་ཀྲོ་མ་ཀྲུའི་ཐོན་ཚད་འདང་ངེས་དང་སྤུས་ཚད་མཐོ་བ། བྲོ་བ་ཞིམ་པ་བཅས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད། འོན་ཀྱང་དུས་ཡུན་རིང་པོའི་ནང་ཕྱིར་ཚོང་ཐབས་ལམ་གྱི་ཚོད་འཛིན་ཐེབས་པའི་དབང་གིས་སྤུས་ལེགས་ཞིང་ལས་ཐོན་རྫས་ནུས་ཆེའི་སྒོ་ནས་དངུལ་སྨར་དུ་འགྱུར་དཀའ་བ་རེད། དཀའ་གནད་དེ་དག་ཐག་གཅོད་བྱ་ཆེད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་གཏིང་ཟབ་བྱས་ནས་ཐོན་ཁུངས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ་ལས་རིགས་ཀྱི་ལེགས་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངུལ་རྩའི་སྒྲིག་གཞི་དང་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་ཏེ་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་ནུས་ཆེའི་ཐོན་སྐྱེད་དང་ཚོང་གཉེར་སྦྲེལ་མཐུད་བགྲོད་ལམ་བདེ་བླག་ངང་བསྐྲུན་ཡོད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བ་བཀྲ་ཚེ་ཡིས་ད་ཐེངས་ཀྱི་འཚོལ་ཞིབ་བྱས་པ་བརྒྱུད་ རྟ་ནག་ཕུ་ཤང་གི་ཀྲོ་མ་ཀྲུ་ཆུང་བའི་ཐོན་ལས་བརྟན་པོ་དང་བློས་འགེལ་ཆོག་པའི་ཕྱིར་ཚོང་ཐབས་ལམ་གྱི་ཐོག་མའི་རྣམ་པ་བཏོད་ནས‘ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ་དང་། ཐོན་འབབ་ཡོང་འབབ་ཏུ་འགྱུར་བའི’འཁོར་སྐྱོད་བཟང་པོ་ཐོག་མར་བཙུགས་ཡོད། སླད་ཕྱིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མུ་མཐུད་ཉམས་མྱོང་ཕྱོགས་བསྡོམས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་ལ་མང་ཚོགས་དེ་བས་མང་པོར་ཕན་པ་ཐོབ་ཐུབ་བྱེད་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།


