ཟླ་11ཚེས་12ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་《བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་རྒྱུན་རིང་ཕན་ནུས་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་དང་བསམ་འཆར》འོག་ཏུ་《ལག་བསྟར་དང་བསམ་འཆར》(ཅེས་བསྡུ་རྒྱུ་ཡིན་)སྲིད་ཇུས་གསལ་འགྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཏང་ཙུའུ་ཡི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲེང་ཞོལ་ཧུང་གིས《ལག་བསྟར་དང་བསམ་འཆར》ནང་དོན་ངོ་སྤྲོད་མདོར་བསྡུས་གནང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་བསྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས་རིམ་པ་མང་བའི་སྨན་བཅོས་འགན་སྲུང་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཡོད། ལྟ་སྐྱོང་ཐོབ་ཐང་དྲང་གཞག་དང་འོས་འཚམ་ངང་འགན་སྲུང་གིས་ཐེབས་རྩའི་འཁོར་སྐྱོད་བརྟན་པོ་དང་དོ་དམ་ཞབས་ཞུ་ལེགས་སུ་བཏང་སྟེ་སྟབས་བདེ་བསྐྲུན་ནས། ནད་ཀྱིས་ཟིན་ན་སྨན་བསྟེན་རྒྱུ་ཡོད་པ་མངོན་འགྱུར་གྱིས་ནད་ལ་ཁག་ཐེག་ཡོད་པ་དེས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཡོད་དེ། ནད་ཀྱིས་དབང་གིས་དབུལ་པོར་འགྱུར་བ་དང་ནད་ཀྱིས་དབང་གིས་དབུལ་ཕོངས་སུ་གྱུར་པ་མངོན་འགོག་བརྟན་པོ་ཐུབ་ཡོད། 2025ལོའི་ཟླ་10པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི་354.35ཟིན་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་མཐོ་ཤོས་བཏོད་ཡོད་པ་དང་འགན་བཅོལ་ནང་ཞུགས་ཚད་ 95%ཡན་ཟིན་ཡོད།
《ལག་བསྟར་དང་བསམ་འཆར》ནང་ཕྲུ་གུ་དམར་འབྱར་དང་སློབ་ཆེན་སློབ་མ་སོགས་འགན་བཅོལ་ནང་ཞུགས་པར་དམིགས་ནས་འབྲེལ་ཡོད་སྲིད་ཇུས་ལེགས་སུ་བཏང་བ་སྟེ། 2025ལོ་ནས་བཟུང་ཕྲུ་གུ་དམར་འབྱར་འགན་བཅོལ་ནང་ཞུགས་པ་དེ་སྨན་བཅོས་རོགས་སྐྱོབ་ཐེབས་རྩའི་དངུལ་དེ་ཚོ་རིན་པ་མཐོ་ཤོས་སུ་སྤྲད་ནས་“སྐྱེས་མ་ཐག་གི་དོན་དག་གཅིག”གི་འགན་བཅོལ་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། སློབ་ཞུགས་གསར་བའི་སློབ་ཆེན་སློབ་མ་དང་ལག་རྩལ་བཟོ་ལས་སློབ་གླིང་གི་སློབ་མས་ལོ་དེའི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་སློབ་ཡུན་ལྟར་ཐེངས་གཅིག་ལ་གྲོང་མའི་སྨན་བཅོས་འགན་བཅོལ་འབུལ་ཆོག ཐེངས་གཅིག་ལ་སྤྲོད་པའི་དུས་ཡུན་དེའི་ནང་གྲོན་དངུལ་འཇལ་བའི་ཚད་གཞི་ལེགས་སྒྲིག་བྱས་ན་མི་སྒེར་གྱི་གསབ་འཇལ་བྱེད་མི་དགོས། ཆ་རྐྱེན་དང་མཐུན་པའི་སློབ་གྲྭའི་ནང་གི་སྨན་བཅོས་ལས་ཁུངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཁྱབ་ཁོངས་ནང་བཅུག་ནས་སློབ་ཆེན་སློབ་མའི་སྨན་བཅོས་དང་འགྲོ་གྲོན་བསྡོམས་རྩིས་ཀྱི་སྟབས་བདེ་འདོན་སྤྲོད་ལ་མགྱོགས་མྱུར་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
གཞན་ཡང་《ལག་བསྟར་དང་་བསམ་འཆར་》ནང་ད་དུང་འགན་བཅོལ་ཆད་པ་དང་འགན་དངུལ་ཁ་བསླུས་ལ་ཚོད་འཛིན་གྱི་ལམ་སྲོལ་བྱ་ཐབས་བཙུགས་ཏེ“མི་གཅིག་རེར་ཡིག་ཚགས་རེ་”དམངས་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་གཞི་གྲངས་འཐུས་ཚང་དུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
2026ལོའི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གཤོམ་གྱི་ཚད་གཞིའི་སྐོར་གླེང་སྐབས། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཅུས་ཀྱི་མགྲིན་ཚབ་པས་2026ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་གྲོན་དངུལ་ཚད་གཞི་སྒོར་240དང་སྒོར་400བཅས་རིམ་པ་གཉིས་ལ་དབྱེ་ཡོད་ཅེས་བཤད།
བསོད་བསྟན་གྱིས་བསྒྱུར།


